logo

ཨ་ལགས་སོ་མ་སྐུ་ཕྲེང་གསུམ་པ་ཁྲི་སར་བཀོད་པ།

རྩོམ་པ་པོ།:ཚེ་བརྟན། ཡོང་ཁུངས།:མཚོ་སྔོན་པོ། དུས་ཚོད།:2008-11-24 ཀློག་གྲངས།:

  སྤྱི་ཟླ་༡༡པའི་ཚེས་༢་ཉིན།  མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་ཐར་ཤུར་དགོན་བཤད་སྒྲུབ་རབ་བརྟན་གླིང་དུ་ཕྱོགས་སོ་སོ་ནས་ཐོན་པའི་དད་ལྡན་མང་ཚོགས་མང་པོ་འདུས་ཏེ།  ཨ་ལགས་སོ་མ་སྐུ་ཕྲེང་གསུམ་པ་ཁྲི་སར་བཀོད་པའི་མཛད་སྒོར་ཞུགས་ཡོད།
  ཉིན་དེའི་སྔ་དྲོའི་དུས་ཚོད་༡༡ཡས་མས་སུ་ཨ་ལགས་སོ་མ་ཁྲི་སར་བཀོད་པའི་མཛད་སྒོ་དངོས་སུ་འགོ་བརྩམས་ཡོད།  ཐར་ཤུལ་དགོན་གྱི་དོ་དམ་ཚོགས་པའི་ཀྲུའུ་རིན་གཞོན་པ་བློ་བཟང་བསྟན་པ་ལགས་ཀྱིས་མཛད་སྒོར་འགོ་འཛིན་བྱས།  གུང་ཧོ་རྫོང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གཞོན་པ།  ཆོས་ལུགས་ཅུའུ་ཡི་ཅུས་ཀྲང་ལྕགས་ཐར་འབུམ་གྱིས་བླ་སྤྲུལ་འཛིན་ཡིག་དྲིལ་བསྒྲགས་བྱས་ཡོད།   བླ་སྤྲུལ་འཛིན་ཡིག་དྲིལ་བསྒྲགས་བྱས་རྗེས་མཎྡལ་འབུལ་བ་དང་བརྟག་གསལ་གཏོང་བ།  སྐུ་གསུང་ཐུགས་རྟེན་གྱི་མཆོད་འབུལ་བྱེད་པའི་བྱེད་སྒོ་སྤེལ་པ་དང་མཇུག་མཐར་དད་ལྡན་མང་ཚོགས་ལ་མཇལ་ཁ་གནང་ཡོད་པ་རེད།

  ཨ་ལགས་སོ་མ་ནི་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་ཐར་ཤུལ་དགོན་བཤད་སྒྲུབ་རབ་བརྟན་གླིང་གི་ཡིན།  སྤྱི་ལོ་༡༩༩༢ལོར་གུང་ཧོ་རྫོང་ཆོས་རྗེ་ཞང་སྟོང་སྐོར་སྡེ་བར་སྐུ་འཁྲུངས།  སྐུ་འདི་ཉིད་ཆུང་དུས་ནས་དམ་པའི་རང་གཤིས་འཛིན་པའི་ཁྱེའུ་ཡ་མཚན་ཅན་ཞིག་ཡིན་སྟབས་རྒྱ་ཡག་རིན་པོ་ཆེ་དང་ཆུ་ཀྱཱ་རིན་པོ་ཆེ་སོགས་སྐྱེས་ཆེན་དུ་མས་བདག་སྐྱོང་གང་ལེགས་གནང་དགོས་པའི་བཀའ་ལུང་བསྩལ་ཅིང་།  དགུང་ལོ་བཅུ་དགུ་བར་རྒྱ་ཡག་རིན་པོ་ཆེའི་ཐུགས་བཀོད་ལྟར་སྐུ་འབུམ་དུ་དགེ་བའི་བཤེས་གཉེན་ཆེན་པོ་ཨ་ཁུ་བརྩོན་འགྲུས་ཚང་ལས་རབ་ཏུ་བྱུང་། དགུང་ལོ་ཉི་ཤུ་བར་ཐར་ཤུལ་དགོན་བཤད་སྒྲུབ་རབ་བརྟན་གླིང་གི་ཆོས་སྒོ་ཕྱེས་པ་དང་དུས་ཁེལ་བས་སྡེ་འདིའི་བསྟན་པའི་མེ་རོ་གསོ་བའི་གྲྭ་རྒྱུན་གྱི་ཐོག་མར་གྱུར་། ཆོ་ག་དང་ཆོས་སྤྱོད་སོགས་ལ་ཞིབ་ཏུ་སྦྱངས། དགུང་ལོ་ཉེར་གསུམ་སྟེང་པེ་ཅིང་དུ་རྒྱ་ཡག་རིན་པོ་ཆེ་དང་འབྲེལ་པཎ་ཆེན་སྐུ་ཕྲེང་བཅུ་བར་མཇལ་ཞིང་དགོན་པའི་ཆོས་སྲིད་ལེགས་ཚོགས་ཀྱི་བྱ་བར་སྐྱབས་འཇུག་ཞུས་པ་ཐུགས་དགྱེས་པས་ཞལ་གྱིས་བཞེས་ཏེ་ཁོང་གི་སྐུ་འདྲ་བྱིན་ཅན་གཤམ་དུ་བཤད་སྒྲུབ་རབ་བརྟན་གླིང་གི་དད་རྟེན་དུ་ཞེས་ཕྱག་བྲིས་དང་ཕྱག་ཐམ་བཏབ་པ་གཅིག་དང་།  སྐུ་ཕྲེང་རིམ་བྱོན་གྱི་ན་བཟའ་གོས་བཟང་གིས་བཏུམ་པའི་སྟེང་པཎ་ཆེན་རིམ་བྱོན་གྱི་ན་བཟའ་ཞེས་ཕྱག་བྲིས་དང་ཕྱག་ཐམ་བཏབ་པ་སོགས་བསོད་ནམས་ཀྱི་བགོ་སྐལ་དུ་གནང་།   དགུང་ལོ་ཉེར་བཞི་བར་རྗེ་ཡེ་ཤེས་རྒྱ་མཚོ་ལས་བསྙེན་རྫོགས་ཀྱི་སྡོམ་པ་མནོས།  དགུང་ལོ་ཉེར་ལྔ་བཞེས་པ་ན་མདོ་སྨད་ཆོས་གྲྭ་ཆེན་པོ་ཀླུ་ཚང་དགོན་ཆེན་དུ་སློབ་གཉེར་ཕེབས།  བགྲང་བྱ་བཅུ་དྲུག་ལྷག་གི་རིང་ལ་གྲྭ་རྐྱང་དཀྱུས་མའི་ལུགས་བཞིན་བཤེས་གཉེན་དུ་མ་བསམ་སྦྱོར་གཉིས་ཀྱིས་ཚུལ་བཞིན་བསྟེན་ཏེ་མགོ་བསྡུས་གྲྭ་ནས་བཟུང་གཞུང་ཆེན་པོ་པོ་ཏི་ལྔ་དང་རྒྱུད་སྡེ་སོགས་ལའང་སྦྱངས་པ་མི་དམན་པ་གནང་བས་སྐྱབས་རྗེ་དམ་པ་ཆོས་རྗེ་རིན་པོ་ཆེ་དང་།  དགེ་བའི་བཤེས་གཉེན་ཆེན་པོ་རྗེ་སྨོན་ལམ་རྒྱ་མཚོ་རྣམ་གཉིས་ཀྱི་ཐུགས་སྲས་ནང་མ་ལྟ་བུར་གྱུར།  དགུང་ལོ་སུམ་ཅུ་བར་ལཱ་མོ་ཡོངས་འཛིན་རིན་པོ་ཆེས་སྐུ་གོང་མའི་ཡང་སྲིད་དུ་ངོས་འཛིན་གནང་། ༡༩༩༧ལོར་རིགས་སྨྲ་བརྒྱ་ཕྲག་འདུས་པའི་དབུས་སུ་ཕར་ཕྱིན་རབ་འབྱམས་པའི་དམ་བཅའ་བཞག  བླ་མ་གཞུང་ལས་པ་དང་བྱམས་ཁང་དང་འདུ་ཁང་ཆེན་མོ་སོགས་བཞེངས་པའི་ལས་འགན་བཞེས་པ་སོགས་སྡེ་འདིར་བཀའ་དྲིན་ཤིན་ཏུ་ཆེའོ།


འབྲེལ་ཡོད་འོས་སྦྱོར།