མཚོ་ལྷོ་ཁུལ་ཆོས་རྗེ་ས་ཁུལ་གྱི་མང་ཚོགས་ཀྱིས་གསའ་ཞིག་ཞགས་པས་བཟུང་བ།
ཉེ་ཆར།མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་ཆོས་རྗེ་ཡུལ་ཚོ་ཆི་གྱ་སྡེ་བའི་མང་ཚོགས་ཀྱིས་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་གཅེས་སྲུང་རི་དྭགས་གསའ་ཞིག་འཛིན་བཟུང་བྱས།འདི་ནི་མཚོ་སྔོན་ཞིང་ཆེན་དུ་ཐོག་དང་བོར་འཛིན་བཟུང་བྱུང་བའི་གསའ་ཞིག་ཡིན།ད་ལྟ།གསའ་འདི་ཟི་ལིང་གི་རི་དྭགས་གླིང་གར་སྐྱེལ་ནས་བདག་སྐྱོང་གང་ལེགས་བྱེད་མུས་ཡིན།
ན་ནིང་གི་ཟླ་བཅུ་གཅིག་པར།ཆི་གྱ་སྡེ་བའི་ལུག་ཁྱུ་ལ་གཅན་གཟན་རྒྱུག་ནས་སྔ་གཞུག་ཏུ་ལུག་ལྔ་བཅུ་ལྷག་ཁྱུར་མུད་བྱས།སྡེ་མི་རྣམས་སྐུང་ཡིབ་ཀྱིས་སོ་ལྟ་བྱས་པ་ན་དེ་ནི་གཟན་འཚོལ་དུ་གངས་འདབས་སུ་འོང་བའི་རི་དྭགས་གསའ་ཞིག་ཡིན་པ་ཤེས་ཤིང་ཞགས་པ་བཏབས་ནས་འཛིན་བཟུང་བྱས་པ་དང་།མཚོ་སྔོན་གྱི་རི་དྭགས་སྲུང་སྐྱོང་སྡེ་ཁག་ལ་སྤྲད།རི་དྭགས་གླིང་གའི་དོ་དམ་པས་བཤད་པ་ལྟར་ན།རི་དྭགས་གསའ་འདི་ལོ༥ནས༦ཅན་གྱི་ཕོ་གསའ་ཞིག་ཡིན་པ་དང་།གསའ་ནི་རྒྱུན་དུ་གངས་ཁྲོད་དུ་འཚོ་ཞིང་གཟན་གྱི་གཙོ་བོ་གནའ་དང་ཤྭ་བོ། རི་བོང་། བྲག་སྲམ་སོགས་ཡིན།དགུན་ཁ་ད་གཟོད་གངས་འདབས་སུ་གཟན་འཚོལ་དུ་འོང་བ་ཡིན་ཟེར། འབྲེལ་ཡོད་ཡིག་ཚགས་ལས་གསལ་བཤད་བྱས་པ་ལྟར་ན།འཛམ་གླིང་ཡོངས་སུ་གསའ༤༥༠༠ནས༧༠༠༠༠ལས་མེད་པ་དང་། མཚོ་སྔོན་དུ༩༠༠ནས་༡༢༠༠ཙམ་ལས་མེད།