logo

2017ལོའི་རྨ་ལྷོ་ཁུལ་གཅན་ཚ་རྫོང་གིས་སྐབས་དང་པོའི་གཡང་མདའ་རྟགས་མའི་དྲག་རྩལ་འགྲན་ཚོགས་ཆེན་མོ་སྤེལ།

རྩོམ་པ་པོ།:ལྷ་བརྟན་ཚེ་རིང་། ཡོང་ཁུངས།:མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་དྲ་བ། དུས་ཚོད།:2017-09-18 ཀློག་གྲངས།:


མཚོ་སྔོན་གཅན་ཚའི་སྐབས་དང་པོའི་གཡང་མདའ་རྟགས་མའི་དྲག་རྩལ་འགྲན་ཚོགས་ཆེན་མོའི་སྟེང་ཕེབས་པའི་འབྲེལ་ཡོད་འགོ་ཁྲིད་ལྷན་རྒྱས།


མཚོ་སྔོན་གཅན་ཚའི་སྐབས་དང་པོའི་གཡང་མདའ་རྟགས་མའི་དྲག་རྩལ་འགྲན་ཚོགས་
ཆེན་མོར་ཞུགས་པའི་འགྲན་ཞུགས་པ་དང་ཤན་འབྱེད་པ།


བོད་ཀྱི་གཞས་མ་གཡང་ཕྱུག་འཚོའི་སྙན་མོ་ངག་གི་གླུ་སྐད་དང་བསྡོངས་ནས་འགྲན་སྡུར་དངོས་སུ་མགོ་བརྩམས་པ།


དྲག་རྩལ་པས་རྩལ་ནུས་ངོམ་བཞིན་པའི་རྣམ་པ།


ཕྱིའི་རྒྱལ་ཁབ་ནས་སླེབས་པའི་འགྲན་ཞུགས་པའི་འགྲན་སྡུར་ལ་སྟ་གོན་བྱེད་བཞིན་པ།


ཟི་ཁྲོན་མགོན་པོ་དྲག་རྩལ་ཁང་གི་འགྲན་ཞུགས་པ་བཀྲ་ཤིས་ཚེ་དབང་ཐེངས་འདིའི་འགྲན་ཡ་ལས་རྣམ་པར་རྒྱལ།


ཀྲུང་གོའི་དྲག་རྩལ་པ་ཀྲང་ཙི་ཆང་འགྲན་ཡ་ལས་རྣམ་པར་རྒྱལ་བའི་ཚུལ།


དབྱི་ལིང་གི་འགྲན་ཞུགས་པ་ཡེ་མན་འགྲན་ཡ་ལས་རྣམ་པར་རྒྱལ་བའི་ཚུལ།


ཀྲུང་གོའི་དྲག་རྩལ་པ་ལིག་ཐེན་ཅོན་ཐེངས་འདིའི་འགྲན་ཡ་ལས་རྣམ་པར་རྒྱལ་བའི་ཚུལ།

     སྤྱི་ཟླ9པའི་ཚེས16ཉིན་གྱི་ཕྱི་དྲོར། གཅན་ཚ་རྫོང་མི་དམངས་སྲིད་གཞུང་གིས་གཙོ་སྒྲུབ་བྱས་ཤིང་གཅན་ཚ་རྫོང་རིག་རྩལ་རྒྱང་སྒྲོག་བརྙན་འཕྲིན་ཡུལ་སྐོར་ཅུའུ་ཡིས་འགན་སྒྲུབ་བྱས་པའི་མཚོ་སྔོན་གཅན་ཚའི་སྐབས་དང་པོའི་གཡང་མདའ་རྟགས་མའི་དྲག་རྩལ་འགྲན་ཚོགས་ཆེན་མོ་གཅན་ཚ་རྫོང་ལུས་རྩལ་ར་བ་ནས་གཟབ་རྒྱས་ངང་འཚོགས།
     སྐབས་དང་པོའི“གཡང་མདའ་རྟགས་མའི”དྲག་རྩལ་འགྲན་སྡུར་ནི་གཅན་ཚ་རྫོང་དུ་ཚོགས་བཞིན་པའི་རྒྱལ་སྤྱིའི་མི་རིགས་སྲོལ་རྒྱུན་མདའ་འཕེན་འགྲན་སྡུར་གྱི་རྗེས་སུ་སྤེལ་པའི་རྒྱལ་སྤྱི་རང་བཞིན་གྱི་ལུས་རྩལ་འགྲན་ཚོགས་ཤིག་ཡིན་ལ། “ གཡང་མདའ་རྟགས་མའི”རིག་གནས་ཀྱི་མཚོན་རྟགས་དེ་སྔར་ལས་ལྷག་པའི་སྒོ་ནས་ཁྱབ་སྤེལ་ཤུགས་ཆེར་བྱེད་པ་དང་། གཅན་ཚ་རྫོང་གི་ལུས་རྩལ་ལས་དོན་འཕེལ་རྒྱས་ཐད་ཀྱི་འཚོལ་ཞིབ་དང་ཐབས་ལམ་གསར་བ་ཞིག་ཡིན་པ་རེད། ཐེངས་འདིའི་འགྲན་སྡུར་དེ“ཀྲུང་ཧྭའི་དྲག་རྩལ་དར་སྤེལ་དང་མི་རིགས་རིག་གནས་རྒྱུད་འཛིན། རབ་མཛེས་མཚོ་སྔོན་དུ་བསྐྱོད་ནས་ཡིད་འོང་གི་གཅན་ཚ་མངོན་པ”དམིགས་ཡུལ་དུ་བཟུང་བ་དང་། “སྤྲོ་སེམས་དང་གྲོན་ཆུང་། བདེ་འཇགས། འཆམ་མཐུན”བཅས་རྩ་དོན་དུ་བཟུང་ནས་སྤེལ་བ་ཡིན་ཞིང་། ཨུ་རུ་སུ་དཀར་པོ་དང་ཐེ་ལན་ཀྲི། འཇའ་ཕན། ཐ་ཅག་སི་ཐན། དབྱི་ལིང་། ཡུག་རེན་བཅས་རྒྱལ་ཁབ་དྲུག་ནས་ཐོན་པའི་དྲག་རྩལ་པ་དང་། རྒྱལ་ནང་གི་ཟི་ཁྲོན་མགོན་པོ་དྲག་རྩལ་ཁང་དང་གཅན་ཚའི་གངས་རྒྱན་དྲག་རྩལ་ཁང་གཉིས་བཅས་ནས་དྲག་རྩལ་པ24འགྲན་སྡུར་དུ་ཞུགས་ནས་རྒྱལ་སྤྱིའི་དྲག་རྩལ་འགྲན་སྡུར་གྱི་སྒྲིག་སྲོལ་ལྟར་འགྲན་སྡུར་བྱས། འགྲན་བསྡུར་གྱི་རྣམ་གྲངས་ལ་སྤྱི་རྒྱ50ཅན་དང་སྤྱི་རྒྱ55ཅན། སྤྱི་རྒྱ60ཅན། སྤྱི་རྒྱ65ཅན། སྤྱི་རྒྱ70ཅན། སྤྱི་རྒྱ75ཅན་བཅས་ཀྱི་རིམ་པ་དྲུག་གཏན་ཁེལ་བྱས་ནས་འགྲན་སྡུར་བྱས་པ་ཡིན།
     གོང་རིམ་འབྲེལ་ཡོད་སྡེ་ཁག་གི་སྣེ་ཁྲིད་དང་སྤྱི་ཚོགས་ལས་རིགས་སོ་སོའི་ཐུགས་ཁུར་འོག་ཏུ། ཐེངས་འདིའི་འགྲན་སྡུར་དེ་སྔར་ལས་ལྷག་པའི་སྒོ་ནས་རྒྱ་ཆེར་སྤེལ་ཏེ། ཀྲུང་ཧྭའི་དྲག་རྩལ་དང་མི་རིགས་རིག་གནས་དར་སྤེལ་དང་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་ཀྱི་ནུས་པ་ཆེན་པོ་ཐོན་པར་བྱས་པ་དང། གཡང་མདའ་རྟགས་མའི་མི་རིགས་ཀྱི་སྲོལ་རྒྱུན་མདའ་འཕེན་འགྲན་སྡུར་སོགས་མི་རིགས་རིག་གནས་ཀྱི་མཚོན་རྟགས་སྔར་ལས་ཇེ་རྒྱས་ཇེ་ལེགས་སུ་གཏོང་བར་ནུས་ཤུགས་མི་དམན་པ་ཐོན་ཡོད་པ་མ་ཟད་ས་གནས་ཐོན་ཁུངས་ལེགས་པར་སྤྱད་དེ། ནུས་ཤུགས་གང་ཡོད་ཀྱིས་རིག་གནས་ཡུལ་སྐོར་དང་ལུས་རྩལ་ལ་སོགས་ཀྱི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས། རྫོང་ཡོངས་ཀྱི་སྤྱི་ཚོགས་དཔལ་འབྱོར་ལ་མཐོ་རླབས་གསར་བ་ཞིག་འཕྱུར་དུ་འཇུག་རྒྱུ་དམིགས་ཡུལ་དུ་བཟུང་ཡོད། གཅན་ཚ་རྫོང་གཙོ་བྱས་ཡུལ་ཕྱོགས་སོ་སོ་ནས་ཕེབས་པའི་ལྟད་མོ་བ་ཁྲི་གཉིས་ལྷག་གིས་འགྲན་བསྡུར་ལ་བལྟས་ཤིང་། འགྲན་རྩལ་པ་དག་གི་རྩལ་དྲུག་རྫོགས་པའི་དཔའ་རྩལ་ལ་ཡུལ་དངོས་ཀྱི་ལྟད་མོ་བའི་དགའ་བསུ་ཚད་མེད་ཐོབ་སྟེ། དགའ་མགུའི་ཐལ་མོ་རྡེབ་སྒྲ་དང་ཀི་འབོད་གཅིག་རྗེས་གཉིས་མཐུད་དུ་བྱུང་ནས་འགྲན་རའི་མཁའ་དབུགས་མཐོ་རླབས་སུ་འཕྱུར་བར་བྱས། ཐེངས་འདིའི་དྲག་རྩལ་བྱ་འགུལ་ནི་གཅན་ཚ་རྫོང་གི་རྒྱལ་སྤྱིའི་མི་རིགས་སྲོལ་རྒྱུན་མདའ་འཕེན་འགྲན་བསྡུར་རྗེས་ཀྱི་ལུས་རྩལ་བྱ་འགུལ་གལ་ཆེན་ཞིག་ཡིན་པ་མ་ཟད། གཡང་མདའི་རིག་གནས་ཟོང་རྟགས་སྔར་ལས་རྒྱ་བསྐྱེད་དང་ལུས་རྩལ་ཐོན་ལས་འཕེལ་རྒྱས་སུ་བཏང་ནས། དམངས་ཡོངས་ཀྱི་ལུས་ཕུང་བདེ་ཐང་གི་འཕེལ་རྒྱས་ལ་ཤུགས་བསྣན་ནས། སྔར་ལས་ལྷག་པའི་སྒོ་ནས་གཅན་ཚའི་རིག་གནས་གནས་སྐོར་གྱི་ཤན་ཤུགས་མཐོར་འདེགས་སུ་གཏོང་བ་དང་། གཅན་ཚའི་མཚན་སྙན་རྒྱ་བསྐྱེད་པ། ལུས་རྩལ་ཐོན་ལས་དང་རིག་གནས་གནས་སྐོར་སོགས་མཉམ་འདྲེས་འཕེལ་རྒྱས་སུ་གཏོང་བའི་ཐད་སྣེ་ཁྲིད་ཀྱི་བྱེད་ནུས་ཐོན་བཞིན་ཡོད།


འབྲེལ་ཡོད་འོས་སྦྱོར།