རྒྱལ་ཁམས་ཕན་བདེ་ཀུན་འབྱུང་འཁོར་ཆེན་ཀུང་ཟིས་སློབ་མ16ལ་རོགས་དངུལ་ཕུལ།
ཉེ་སྔོན། ཁྲི་ཀ་རྫོང་རྒྱལ་ཁམས་ཕན་བདེ་ཀུན་འབྱུང་འཁོར་ཆེན་རིག་གནས་ཡུལ་སྐོར་ཚད་ཡོད་ཀུང་ཟིའི་འགོ་གཙོ་ཐུགས་རྗེ་རྒྱལ་གྱི་སྣེ་ཁྲིད་འོག མཚོ་ལྷོ་ཁུལ་སློབ་གསོ་ཅུའུ་དང་མཉམ་འབྲེལ་གྱིས2019ལོའི་མཚོ་ལྷོ་ཁུལ་དབུལ་ཕོངས་སློབ་ཆེན་སློབ་མའི"རྒྱལ་ཁམས་ཕན་བདེ་ཀུན་འབྱུང་འཁོར་ཆེན་བྱམས་བརྩེའི་རོགས་དངུལ"ཕུལ་བའི་བྱེད་སྒོ་སྤེལ་ཞིང་། གཙོ་ཆེར་ཁུལ་ཡོངས་སློབ་ཆེན་ཆེན་སློབ་མའི་གྲས་སུ་དབུལ་ཕོངས་སློབ་མ16བདམས་ཏེ་ཁོ་ཚོར་བསྡོམས་པས་རོགས་དངུལ་སྒོར85000ཕུལ་བ་རེད།
ཀུང་ཟི་འདིས་རོགས་དངུལ་ཐོབ་པའི་སློབ་མ16གི་སློབ་ཆེན་སྐབས་ཀྱི་སློབ་སྦྱོང་གི་གནས་ཚུལ་དང་འཚོ་བ་སོགས་ཀྱི་ཐད་ལ་ལྟ་སྐུལ་དང་རྗེས་འདེད་དོ་སྣང་བྱེད་པ་བརྒྱུད་དེ། ཕྱོགས་བསྡུས་དཔྱད་འབེབས་གནང་རྗེས། ལོ་རྗེས་མར་ཀུན་སྤྱོད་དང་སློབ་སྦྱོང་གཉིས་འཛོམས་ཀྱི་ཕུལ་བྱུང་སློབ་མར་མུ་མཐུད་དུ་སློབ་ཆེན་མཐར་ཕྱིན་པའི་བར་དང་ཞིབ་འཇུག་མཐར་ཕྱིན་པའི་བར་དུ་རོགས་སྐྱོར་བྱ་རྒྱུའི་འཆར་གཞི་ཡོད་པ་རེད།
སློབ་མ་འདི་དག་གིས་གཙོ་ཆེར་མཚོ་སྔོན་མི་རིགས་སློབ་ཆེན་དང་མཚོ་སྔོན་དགེ་ཐོན་སློབ་ཆེན། ལྷོ་ནུབ་མི་རིགས་སློབ་ཆེན། མཚོ་སྔོན་སློབ་ཆེན། མཚོ་སྔོན་ཚྭ་འདམ་གཞོང་ལས་རིགས་ལག་རྩལ་སློབ་གླིང་། ཅི་ལིན་གསོ་རིག་སློབ་གླིང་། ཀྱཱ་མུའུ་སིའུ་སློབ་ཆེན། ཞི་ཨན་རང་བྱུང་རིག་པའི་སློབ་ཆེན། མཚོ་སྔོན་སློབ་ཆེན་གསོ་རིག་སློབ་གླིང་བཅས་སུ་སློབ་གཉེར་བྱེད་པ་ཡིན་ལ། ཁོ་ཚོའི་སྤྱོད་ལམ་དྲང་ཞིང་སློབ་སྦྱོང་གི་སྦྱངས་འབྲས་ལེགས་པའི་ཆ་ནས་ཐེངས་འདིའི་རོགས་དངུལ་ཐོབ་པ་ཡིན་ལ། ཁོ་ཚོར་མཚོན་ནའང་སློབ་སྦྱོང་གི་འཚོ་བར་མཐུན་རྐྱེན་ལེགས་པོ་ཞིག་བསྐྲུན་པ་མ་ཟད་རྗེས་ཕྱོགས་སུ་མུ་མཐུད་དུ་ཧུར་བརྩོན་བྱེད་པར་སྐུལ་ལྕགས་ཆེན་པོ་གནང་ཡོད།