མགོ་ལོག་ཁུལ་རྨ་ཡུལ་གེ་སར་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་དྲུག་པ་སྤེལ་བ།
སྤྱི་ཟླ8པའི་ཚེས13ཉིན། མགོ་ལོག་ཁུལ་རྨ་ཡུལ་གེ་སར་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་དྲུག་པ་དེ་ཀྲུང་གོའི་གེ་སར་རིག་གནས་ཀྱི་ཕ་སར་གྲགས་པའི་མགོ་ལོག་ཁུལ་རྟ་བོར་གྲོང་རྡལ་དུ་སྤེལ།
མགོ་ལོག་ཁུལ་ཨུའི་ཧྲུའུ་ཅི་ཝུའུ་ཡུའུ་ཀྲང་གིས་ཤིས་ཚིག་ཕུལ་དུས་གསུངས་དོན། མགོ་ལོག་ནི་ཀྲུང་གོའི་གེ་སར་རིག་གནས་ཀྱི་ཕ་ས་ཡིན་ཞིང་། འཛམ་གླིང་གི་ཆེས་རིང་བའི་སྙན་རྩོམ་རིང་མོ་དང་། ཀྲུང་གོའི་ཆེས་མཛེས་པའི་བརླན་ས། མཐོ་སྒང་གི་ཆེས་མཚར་བའི་དག་ཞིང་ཞེས་སྙན་དུ་གྲགས་ལ། གེ་སར་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཚོད་ལྟའི་ཁུལ་ཡིན་པའི་ཆ་ནས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན། མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་བ་འཛུགས་སྐྲུན་གྱི་རླབས་ཆེ་བའི་ལག་ལེན་ཁྲོད། མགོ་ལོག་ཁུལ་གེ་སར་རིག་གནས་སྲུང་སྐྱོབ་རྒྱུན་འཛིན་ཐད་གྲུབ་འབྲས་གསར་བ་བླངས་ཤིང་། ཁྱད་དུ་འཕགས་པའི་ས་གནས་ཀྱི་ཁྱད་ཆོས་ལྡན་ཞིང་མང་ཚོགས་སྤྲོ་བའི་རིག་གནས་མཚོན་རྟགས་བསྐྲུན་པ་ཡིན། གནས་འདིའི་ས་ས་རེ་རེ་དང་རི་ལུང་རེ་རེ། མཚོ་དང་མཚེའུ་རེ་རེ། གཏམ་རྒྱུད་རེ་རེར་གེ་སར་གྱི་ལོ་རྒྱུས་སྙན་རྩོམ་རིང་མོའི་གཏམ་རྒྱུད་སྦྱར་ཡོད་ལ། མགོ་ལོག་གི་རིགས་སོ་སོའི་མི་དམངས་ཀྱིས་ཕུལ་བྱུང་མི་རིགས་རིག་གནས་དར་སྤེལ་དང་མཛེས་སྡུག་གི་ཁྱིམ་གཞིས་སྐྲུན་པའི་མཚར་སྡུག་གི་མིང་བྱང་ཞིག་ཏུ་གྱུར་ཡོད།
གེ་སར་རིག་གནས་ཡུལ་སྐོར་དུས་ཆེན་མཛད་སྒོའི་རིག་རྩལ་འཁྲབ་སྟོན་ཆེན་མོས་ཞིང་ཆེན་ཕྱི་ནང་གི་གཟིགས་མོ་བ་ཁྲི་གྲངས་ཀྱི་ཡིད་དབང་རབ་ཏུ་བཀུག་ཅིང་། མགོ་ལོག་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་ལས་དོན་སོ་སོའི་འཕེལ་རྒྱས་མྱུར་ཚད་དང་། སྤྱི་བའི་རྨང་གཞིའི་སྒྲིག་ཆས་འཐུས་ཚང་། མི་རིགས་མཐུན་སྒྲིལ། སྤྱི་ཚོགས་འཆམ་མཐུན་གཏན་འཇགས། མི་དམངས་བདེ་ཞིང་སྐྱིད་པའི་གྲུབ་འབྲས་ངོམ་པ་ཡིན།
ཐེངས་འདིའི་བྱ་འགུལ་ནི་དུས་ཡུན་ཉིན་གསུམ་ལ་སྤེལ་ཞིང་། དེའི་སྐབས་སུ་གཅིག་སྒྲིལ་རྫོང་དང་པདྨ་རྫོང་། རྨ་སྟོད་རྫོང་སོགས་ས་གནས་མང་ཆེ་བའི་རིག་རྩལ་འཁྲབ་སྟོན་དང་ཟློས་གར་འཁྲབ་སྟོན་སྤེལ་རྒྱུ་དང་། དུས་མཚུངས་སུ་གླང་ཆེན་ས་གཤགས་དང་མདའ་འཕེན། འཇུ་རེས་སོགས་སྲོལ་རྒྱུན་གྱི་རྩྭ་ཐང་ལུས་རྩལ་འགྲན་བསྡུར་སྤེལ་བ་ཡིན།