སྟག་རིག་རྒན་བཀུར་ལོ་སར་གཞིས་བྱེས་ལྷན་འཛོམས་ལ་རྟེན་འབྲེལ་ཞུ་བའི་ལྒང་ལི་འགྲན་ཚོགས།
རྩོམ་པ་པོ།:སྟག་རིག་འབྲུག་ཐར།
ཡོང་ཁུངས།:མཚོ་སྔོན་པོ་དྲ་བ།
དུས་ཚོད།:2017-02-06
ཀློག་གྲངས།:
སྟག་རིག་སྡེ་བས་ལོ་སར་གྱི་ལྒང་ལི་འགྲན་སྡུར་སྤེལ་བ།
2017ལོའི་ཟླ1པའི་ཚེས4ཉིན། མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་འཕྲང་དམར་གྲོང་རྡལ་སྟག་རིག་སྡེ་བས་རྒན་བཀུར་ལོ་སར་གཞིས་བྱེས་ལྷན་འཛོམས་སྤེལ་ནས་ལོ་འཁོར་བཅུ་གསུམ་འཁོར་བར་རྟེན་འབྲེལ་ཞུ་བ་དང་བསྡོངས་ཏེ། འཕྲང་དམར་ལུང་ཁོག་འདིའི་སྡེ་བ་སོ་སོའི་ལུས་རྩལ་རིག་གནས་དར་སྤེལ་དང་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་ཆེད་ལྒང་ལི་འགྲན་སྡུར་གྱི་བྱ་འགུལ་ཞིག་སྤེལ།
འགྲན་ཞུགས་རུ་ཁག
འགྲན་སྡུར་ཡུལ་དངོས།
ཞོགས་པའི་ཆུ་ཚོད་བཅུ་ཡས་མས་སུ་ཐོག་མར་སྡེ་བའི་སྡེ་དཔོན་དང་ཤན་འབྱེད་པའི་འཐུས་ཚབ་ཀྱིས་འགྲན་སྡུར་མགོ་རྩོམ་པའི་གསུང་བཤད་དང་འགྲན་སྡུར་གྱི་སྒྲིག་ལམ་རེ་རེ་ཁ་གསལ་དོན་འདུས་སྒོས་གསུང་་བཤད་གནང་རྗེས། ཡུལ་ལུང་གཅིག་གི་གཡང་སྡེ་སོ་སོའི་སྟག་ཤར་རྣམས་གཞི་གཅིག་ལ་འཛོམས་ཏེ་མཛའ་བརྩེ་དང་པོ་དང་འགྲན་སྡུར་གཉིས་པའི་མཆོད་ཚིག་གིས་མདུན་བསུས་ནས་བོད་པའི་ལོ་སར་ཚེས་མགོ་ལ་ཐོག་མར་ལ་འགྲོ་གོང་མ་དང་སྒྲོམ་སྡེ་བ་གཉིས་ཀས་ལྟད་མོའི་སྒོ་གླེགས་ཕྱེས། ཕྱིས་སུ་རྩ་འཛུགས་བཀོད་སྒྲིག་པའི་རིམ་པ་ལྟར་དུ་འགྲན་སྡུར་གཅིག་འཕྲོར་གཅིག་ལ་སྤེལ་བ་དང་། འགྲན་ཞུགས་པ་རྣམ་པས་ཀྱང་སྡེ་བ་སོ་སོའི་ཁྱད་ཆོས་ལྟར་དུ་མཚན་མིང་གསར་བ་གསོལ་ཞིང་ཁ་དོག་བཀྲག་མདངས་ལྡན་པའི་ཐུན་མིན་གྱི་ལྒང་རྩེད་ལྭ་བ་གོན་པའི་མི་ཚད། འགྲན་སྡུར་སྐབས་སུ་དོ་སྣང་བྱེད་དགོས་པའི་གནད་ཀ་རེ་རེ་ཡང་དང་བསྐྱར་དུ་གྲོས་མོལ་བྱས་ཏེ་འགྲན་སྡུར་ལ་ཞུགས།
འགྲན་སྡུར་ཡུལ་དངོས།
རྒྱལ་ཁའི་འབྲས་བཟང་།
མཇུག་མཐར་ལྒང་རྒྱག་རུ་ཁག་སོ་སོས་དཀའ་སྡུག་གི་རྔུལ་ཆུ་དང་མཛུབ་གུ་ལྔ་བཅིངས་མཉམ་འབྲེལ་གྱི་སྟོབས་ཀྱིས་འཕྲང་དམར་ལུང་ཁོག་གི་སེར་བརྒྱ་སྡེ་བར་ཨང་དང་པོའི་བྱ་དགའ་ཐོབ་ཅིང་བྱ་དགའ་ལ་གཟིགས་བཟོས་དངོས་པོ་དང་སྒོར་དྲུག་བརྒྱ་དང་། སྟག་རིག་སྟག་དམར་ལ་ཨང་གཉིས་པའི་བྱ་དགའ་ཐོབ་ལ། བྱ་དགའ་ལ་གཟིགས་བཟོས་དངོས་པོ་དང་སྒོར་ལྔ་བརྒྱ། ལ་འགྲོ་གོང་མར་ཨང་གསུམ་པའི་བྱ་དགའ་ཐོབ་ཅིང་། བྱ་དགའ་ལ་གཟིགས་བཟོས་དངོས་པོ་དང་སྒོར་བཞི་བརྒྱ་བཅས་གནང་བ་མ་ཟད། རུ་ཁག་གཞན་དག་ཚང་མ་ལའང་ཨང་བཞི་བ་དང་རྟིང་སྐུལ་བཅས་རིམ་པ་བཞིན་དུ་གཟིགས་བཟོས་དངོས་པོ་དང་བྱ་དགའི་སྒོར་མོ་གནང་བ་རེད།
བྱ་འགུལ་མཇུག་བསྡུ་ཁར་དགེ་རྒན་ཆེན་མོ་སྟག་རིག་རྟ་མགྲིན་རྒྱལ་གྱིས་འདི་འདྲའི་བྱ་འགུལ་ཞིག་སྤེལ་བ་ནི་ཡུལ་ལུང་འདིའི་སྡེ་བ་ཕན་ཚུན་འགྲིག་མཐུན་དང་ཕན་ཚུན་སློབ་སྦྱོང་། ཕན་ཚུན་ཡིད་ཆེས། ཕན་ཚུན་རྒྱུས་ལོན་བཅས་བྱས་ཏེ་མ་འོངས་པར་ཡུལ་ལུང་འདིར་མི་སྣ་འཇོན་ཐང་ཅན་མང་པོ་སྐྱེད་སྲིང་བྱེད་པ་དང་། ལྒང་རྒྱག་པ་མང་པོ་བྱུང་སྟེ་རྫོང་རིམ་པ་ནས་ཆེས་མཐོའི་བྱ་དགའ་ལེན་རྒྱུ་དང་། དེ་བཞིན་དུ་ཁུལ་དང་ཞིང་ཆེན་རིམ་པའི་འགྲན་སྡུར་ཁྲོད་དུ་བོད་རིགས་ལྒང་རྒྱག་པ་ཇེ་མང་དུ་འགྲོ་བའི་བཀྲ་ཤིས་ཁ་གཡང་སྒྲོག་སྟེ་རེབ་འདིའི་ལྒང་ལི་འགྲན་ཚོགས་བསམ་ཐོག་ལྟར་བཀྲ་ཤིས་བདེ་ལེགས་ངང་སྤེལ་ལོ།།
འབྲེལ་ཡོད་འོས་སྦྱོར།