
སྟག་རིག་རྒན་བཀུར་ལོ་སར་གཞིས་བྱེས་ལྷན་འཛོམས་སྐབས་བཅུ་གསུམ་པ།
གནམ་ལོ་གསར་བའི་དགའ་སྟོན་གྱི་སྐབས་སུ་ང་ཚོ་བོད་པའི་ཡུལ་ལུང་སོ་སོར་ཁྱིམ་མི་དང་གཉེན་ཉེ་ཚང་མ་ལྷ་ཁྱིམ་གྲུ་བཞིར་གདན་འཛོམས་བྱུང་སྟེ་དགའ་བའི་གླུ་དང་སྐྱིད་པའི་གར།རོ་བརྒྱའི་ཟས་མཆོག་ལ་རོལ་ནས་ཕ་མེས་ཡང་མེས་དག་གི་གྲ་མ་ཉམས་ཤིང་གྲུ་མ་ཆག་པའི་སྲོལ་རྒྱུན་གྱི་ལུགས་ལྟར་དུ་ལོ་སར་ལ་རོལ་བ་ནི་ཇི་འདྲའི་ཉམས་དགའ་བའི་ཁྱད་ཆོས་ཤིག་རེད་ཨང་།

གར་གྱི་སྟངས་སྟབས།
ལྷག་པར་མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་འཕྲང་དམར་གྲོང་རྡལ་སྟག་རིག་སྡེ་བས2004ལོ་ནས་མགོ་བརྩམས་ཏེ་རྒན་པར་བསྙེན་བཀུར་དང་ཕ་མར་གཅེས་སྐྱོང་། ཆུང་བར་བྱམས་སྐྱོང་བྱེད་པའི་ཡ་རབས་ཀྱི་སྤྱོད་བཟང་གསོ་བར་སྐུལ་བའི་སློབ་གསོས་དབུ་རྒྱན་ཏེ་སྡེ་བའི་རྒན་རྒོན་དག་ལ་ལོ་སར་ལེགས་སྐྱེས་སྟེར་བའི་མཚུངས་སུ་གླུ་གར་གཞས་གསུམ་གྱི་ལྟད་མོ་གྱ་ནོམ་པ་འབུལ་ཏེ་རྒན་བཀུར་ལོ་སར་གཞིས་བྱེས་ལྷན་འཛོམས་སྤྲོ་ཚོགས་ཤིག་ལོ་རེར་རུ་ཁག་གསུམ་པོ་རེས་མོས་འཁོར་སྐྱོད་ལྟར་དུ་མུ་བསྐྱངས་ནས་སྤེལ་བཞིན་ཡོད་ལ། 2017ལོའི་རྒྱ་ལོའི་ཚེས་པ་གཉིས་ཉིན་ལ་རུ་ཁག་གསུམ་པའི་གཞུང་ཁང་དུ་སྐབས་བཅུ་གསུམ་པའི་སྟག་རིག་རྒན་བཀུར་ལོ་སར་གཞིས་བྱེས་ལྷན་འཛོམས་སྐབས་བཅུ་གསུམ་པ་གྲ་རྒྱས་ངང་ཚོགས།

མིག་དབང་འཕྲོག་པའི་ཞབས་བྲོ།
ལོ་སར་ཚེས་པ་གཉིས་ཀྱི་ཞོགས་པར་སྡེ་བའི་སྐྱེ་ཕོ་མོ་རྣམས་ཀྱིས་གོས་ཚར་གཡུ་བྱུར་གྱི་རྒྱན་ཆ་བཏགས་ཤིང་བཅོས་མིན་འཛུམ་མདངས་ཀྱི་མེ་ཏོག་བཞད་དེ་སྡེ་བའི་གཞུང་ཁང་གི་ལོ་སར་ལྷན་འཛོམས་ལ་རོལ་བར་གཅིག་རྗེས་གཉིས་མཐུད་དུ་སྐྱོད་བཞིན་པའི་མི་ཚད། སྡེ་བའི་གདན་ཞུ་ལྟར་དུ་ཐིས་བ་དགོན་པའི་གྲྭ་བཙུན་རྣམས་དང་ཨ་སྐོང་སྡེ་བ། ཁྱོ་ཀྱཱ་སྡེ་བའི་སྐུ་མགྲོན་མང་པོ་དག་ཀྱང་ལོ་སར་སྤྲོ་ཚོགས་ལ་ཕེབས་འབྱོར་གནང་།

སྲོལ་རྒྱུན་གྱི་གྲ་མ་ཉམས་པའི་རྒྱན་གོས།
རེབ་འདིར་གཙོ་སྒྲུབ་རུ་ཁག་གསུམ་པས་སྔ་མོ་ནས་རོང་བའི་ཁྱད་ཆོས་དོད་པའི་གོ་སྡེར་དང་སིལ་སྡེར་གྱི་རི་རབ་བརྩིགས་ཤིང་ཇ་ཆང་གི་མཚོ་མོ་བསྐྱིལ་ཏེ་གྲལ་ཕྱི་རིམ་ནང་རིམ་གྱི་ཇུས་འགོད་ལེགས་ཤིང་དར་ཚོན་སྣ་ལྔས་བར་སྣང་བརྒྱན་ཏེ་རིག་རྩལ་འཁྲབ་སྟོན་པས་སྙན་འཇེབས་སྐོར་བྲོའི་རོལ་དབྱངས་དང་བསྟུན་ཞབས་བྲོ་བརྒྱབ་ནས་ཕྱོགས་ཡོངས་སྐུ་མགྲོན་གྱི་ཕེབས་བསུ་ལ་སྒུག་འདུགསྔ་དྲོའི་དུས་ཚོད་བཅུ་གཅིག་ཡས་མས་སུ་སྡེ་བའི་ཕ་བརྒྱ་བུ་སྟོང་གིས་བསང་མཆོད་ཀྱི་ཆོ་ག་རྒྱ་ཆེན་པོ་ཞིག་བཤམས་ཤིང་ཤོག་སྦག་གི་ཆོམ་སྒྲ་བྲག་ཅར་བསྐུར་ཏེ་རྩེད་ཀྱི་མགོ་མ་གླུ་ཞེས་པ་ལྟར་དུ་དམངས་གླུ་སྙན་མོ་ཞིག་གིས་སྤྲོ་ཚོགས་ཀྱི་ཡོལ་རས་ཕྱེ་རྗེས་མདོ་འཛིན་པ་ཕོ་མོ་ཟུང་གིས་དེར་འདུས་མང་ཚོགས་ཡོངས་ལ་ལོ་སར་གྱི་བཀྲ་ཤིས་བདེ་ལེགས་ཞུས་ཤིང་རིག་རྩལ་དབུ་རྩོམ་པའི་སྒོ་འཕར་ཕྱེས། རིག་རྩལ་གྱི་རྣམ་གྲངས་ལ་བོད་རང་གི་ཁྱད་ཆོས་མངོན་པའི་ཞབས་བྲོ་དང་ཨ་རྩེད། རྡུང་ལེན། གླུ་དབྱངས།ལྷག་པར་དུ་མེས་པོ་གོང་མ་དག་གི་ཁྱད་ནོར་དུ་བརྩི་བའི་འདོགས་ཆ་སྣ་ཚོགས་དང་གྱོན་པ་འདྲ་མིན་གྱི་འཕྱོར་སྒེག་གོས་ཚར་ལུས་སུ་རྒྱན་པའི་ཤོམ་བྲོ་སོགས་སྣ་མང་ཀུན་འདུས་ཀྱི་རིག་རྩལ་འཁྲབ་སྟོན་གྱ་ནོམ་པ་ཞིག་ཕྱོགས་ཡོངས་སྐུ་མགྲོན་རྣམ་པའི་གཟིགས་མོར་བཀྲམ་པ་ན། ལྟད་མོ་བ་བརྒྱ་ཚོགས་སྟོང་འདུས་ཀྱི་ཡིད་སེམས་རབ་ཏུ་བཀུག་ནས་དགའ་བའི་ཐལ་མོ་ལྷང་ལྷང་དུ་རྡེབ་ཅིང་སྐྱིད་པའི་ཞལ་འཛུམ་ལྷུག་ལྷུག་ཏུ་གྲོལ།

གསབ་སྦྱོང་གི་འགན་དང་དུ་བླངས་པའི་སློབ་ཆེན་པ།
རྩེད་མོའི་བར་གླགས་སུ་ལོ་གཉིས་ལ་ཐེངས་རེར་འཁོར་བའི་ལས་བྱེད་པ་གཉེར་བ་གཉིས་ཀྱིས་སྡེ་བའི་ལས་བྱེད་དགུ་བཅུ་ལྷག་གི་འཛོམས་ཚོད་ཀྱི་དཀར་ཐིགས་གཞི་གཅིག་ཏུ་བསྡུས་ཏེ་སྟག་རིག་གྲོང་རི་དགོན་དང་ཨ་སྐོང་། ཁྱོ་ཀྱཱ་བཅས་ཤོག་ཁ་གསུམ་གྱི་དགུང་ལོ་བདུན་ཅུའི་ཡན་གྱི་རྒན་པ་ཚེ་རིང་བ་རྣམས་ལ་ལོ་སར་གྱི་ལེགས་སྐྱེས་འབུལ་ཞོར་སྡེ་བའི་རྒན་གྲས་རྣམས་ནད་མེད་ཚེ་རིང་གི་སྨོན་ལམ་བཏབ་ཅིང་གཞོན་དར་བྱིས་གསུམ་ལ་ལོ་སར་གྱི་ཁ་གཡང་བོས་པའི་མི་ཚད་ལོ་སར་གྱི་དཔེ་སྲོལ་བཟང་བོ་འདི་རྒྱུན་འཁྱོངས་བྱེད་པའི་རྨང་གཞིའི་སྟེང་ནང་མི་ཕན་ཚུན་འགྲིག་མཐུན་ཡོང་ཞིང་མཐུན་སྒྲིལ་ཟབ་པ། ཡུལ་མི་ཚོས་ལས་དོན་ལ་དཀའ་སྡུག་སྤྱད་དེ་འཚོ་བ་གསར་བའི་ཕུགས་འདུན་འབོར་མི་ཉན་པ། ལོ་ཆུང་གཞོན་ནུ་རྣམས་ཀྱིས་རིག་གནས་སློབ་གསོ་ལ་འབད་ཐག་བྱེད་དགོས་པའི་ཁ་ཏ་སློབ་གསོ་གནང་རྗེས་ལས་བྱེད་རྒན་གྲས་དང་རྒན་རྒོན་རྣམས་མཉམ་དུ་འཛོམས་ཏེ་དྲན་རྟེན་གྱི་འདྲ་པར་བསྐྱོན། དེ་བས་ཀྱང་གླེང་རིན་ཡོད་པ་ཞིག་ལ་སྟག་རིག་སྟག་དམར་མཐུན་ཚོགས་ཀྱིས་ཁྲི་ཀ་ས་ཆའི་དམངས་སྲོལ་རིག་གནས་གཙོར་འཛིན་པའི་རྩོམ་རིག་ལོ་དེབ་ཞིག་གཉེར་བཞིན་ཡོད་ཅིང་། ལོ་སར་གཞིས་བྱེས་ལྷན་འཛོམས་ཀྱི་གོ་སྐབས་འདི་དང་བསྡོངས་ཏེ། མཛའ་བཤེས་ཕྱི་ཐག་རིང་བོའི་ཡུལ་མི་རྣམས་ལ2017ལོའི་སྤྱིའི་འདོན་ཐེངས་ལྔ་བའི《 ཕྲེང་བ་དམར་པོ》 འི་རྩོམ་རིག་ལོ་དེབ་རིན་མེད་གཟིགས་འབུལ་གནང་སྟེ་འགྲེམ་སྤེལ་བྱས། ཚོགས་ཐོག་ཏུ་དགེ་རྒན་ཆེན་མོ་སྟག་རིག་རྟ་མགྲིན་རྒྱལ་གྱིས་ཐོག་མར་རྒན་བཀུར་ལོ་སར་གཞིས་བྱེས་ལྷན་འཛོམས་ཀྱི་ངོ་བོ་དང་དམིགས་ཡུལ། ཁྱད་ཆོས་སོགས་ཁ་གསལ་དོན་འདུས་སྒོས་གསུང་བཤད་གལ་ཆེན་གནང་བ་མ་ཟད། སྒོས་སུ་རྩོམ་རིག་ལོ་དེབ《 ཕྲེང་བ་དམར་པོ》 འི་འདས་སོང་ལ་ཕྱི་མིག་དང་ད་ལོར་པར་སྐྲུན་བྱས་པའི་དཔེ་ཆའི་རྒྱུ་སྤུས་དང་རྩོམ་པ་པོའི་དཔུང་སྡེ། རྩོམ་ཡིག་གི་སྤུས་ཀ་བཅས་ལས་འཕེལ་རྒྱས་ཀྱི་རྣམ་པ་ཆེ་ཆེར་མངོན་ཞིང་ཡུལ་ཚོ་ཞིག་གིས་འདི་ལྟའི་དུས་དེབ་ཅིག་སྒྲུབ་པ་ནི་བློ་ཡུལ་འདས་པའི་གཟེངས་ཐོན་གྱི་གྲུབ་འབྲས་ཤིག་ཡིན་པས་ཀུན་གྱིས་ཡི་རང་དང་གོང་བཀུར་བྱེད་དགོས་ཚུལ་བརྗོད་ཅིང་། རྟིང་སོར་ཡང་ཀུན་སློང་གཙང་ཞིང་དམིགས་འབེན་རྣོ་བའི《 ཕྲེང་བ་དམར་པོ》 འི་མཛད་འཕྲིན་ཡུན་རིང་བརྟན་པའི་སྨོན་འདུན་དང་བཅས་འདིར་ཚོགས་ཁྲོམ་པའི་སྙན་ལམ་དུ་འབུལ། མཚུངས་སུ་མིག་རྒྱང་རིང་ཞིང་གཞན་ཕན་གྱི་ལྷག་བསམ་དཀར་པོའི་སློབ་ཆེན་དང་བླངས་པ་རེ་འགས་གླ་རིན་སྐར་གང་ཡང་མ་བླངས་པར་སྡེ་བའི་སློབ་བུ་ཡོངས་ཀྱི་རིག་གནས་ཤེས་བྱའི་རྨང་གཞི་ཇེ་བརྟན་དང་བསླབ་ཁག་འགའ་ཤས་ལ་ཆུ་ཚད་ཞན་པ་གཞི་བཅོལ་ཏེ་ཉིན་ཉི་ཤུ་ཙམ་ལ་གསབ་སྦྱོང་འཛིན་གྲྭ་སྒྲུབ་པའི་དོན་བཟང་ལ་རྟིང་སྐུལ་གྱི་ཚུལ་དུ་དགེ་རྒན་ཁོ་ཚོར་གཟིགས་བཟོས་བྱ་དགའ་གནང་སྟེ་ཀུན་པོས་བསྟོད་པའི་མེ་ཏོག་གཏོར་ཞིང་བསྔགས་པའི་ཐལ་མོ་བརྡབས།

《 ཕྲེང་བ་དམར་པོ》 གཟིགས་འབུལ་གནང་བཞིན་པ།
དགུན་ཁའི་ཉི་མ་མདུང་ཤིང་གང་བོ་ཧ་ཅང་ཐུང་ན་ཡང་། གཅིག་ལས་གཅིག་ལྷག་གི་རྩེད་མོ་བའི་གར་གྱི་ཉམས་བརྒྱད་རྫོགས་པའི་སྟངས་སྟབས་རེ་རེ་དང་ཁུ་བྱུག་གི་གདངས་ལ་འཕྱ་བའི་སྙན་དབང་གསོ་བའི་གླུ་གླུ་དབྱངས་ཀྱིས་ལོ་སར་སྤྲོ་ཚོགས་ཡག་ཐོག་ཡག་གིས་བརྒྱན་ཞིང་ལྟད་མོ་བའི་དང་བ་ཅིག་ཅར་དུ་འཕྲོག་པས་སྤྲོ་ཚོགས་མཇུག་རྫོགས་རག་བར་དུ་ལྟད་མོ་བ་རྣམས་པད་ཚལ་ལ་འཁོར་བའི་སྦྲང་མ་བཞིན་དུ་རུབ་ཅིང་འདུས།

ནང་ཕུ་ནུ་འཛོམས་ནས་ཟལ་ལ་རོལ་བ།
མཐར་དགེ་རྒན་ཆེན་མོ་ལྕགས་ཐར་རྒྱལ་གྱིས་རུ་ཁག་གསུམ་པའི་ཇུས་ལེགས་ཤིང་རྩེད་མོ་བ་རྣམ་པའི་རྩེ་ཡག་པའི་ཡོན་ཏན་ལ་བསྔགས་པ་བརྗོད་དེ་རྒན་མགོ་དཀར་གྲལ་མགོར་བཞུགས་ཤིང་གཞོན་སོ་དཀར་གྱིས་གྲལ་མཐར་སྐོར་ཏེ་གུར་གཅིག་ལ་འཛོམས་ནས་དགའ་སྐྱིད་ཀྱི་གླུ་གར་ལ་རོལ་ཞིང་ཇ་ཆང་གི་དཔལ་ལ་མཉམ་རོལ་བྱ་བ་ནི་དངོས་གནས་བཀྲ་ཤིས་ཀུན་འགྲིག་གི་རྒྱུ་རུ་སྣང་བས།མཉམ་འཛོམས་བསྐལ་བ་ཡག་པོ་འབྱུང་འགྱུར་ལ་མུ་མཐུད་དུ་རྟག་བརྟན་ཡོང་བའི་བཀྲ་ཤིས་སྨོན་འདུན་དང་སྦྲགས་སྟག་རིག་རྒན་བཀུར་ལོ་སར་གཞིས་བྱེས་ལྷན་འཛོམས་སྐབས་བཅུ་གསུམ་པ་བཀྲ་ཤིས་བདེ་བླག་ཏུ་མཇུག་བསྒྲིལ་བའོ།།

སྐྱིད་པའི་དགྱེས་འཛོམས།