logo

གཅན་ཚ་རྐ་ཕུག་ཡ་མཁར་ཚོ་བའི་དྲུག་པའི་ཀླུ་རོལ་གྱི་བྱེད་སྒོ་སྤེལ་བ།

རྩོམ་པ་པོ།:བསོད་རྡོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2016-07-27 ཀློག་གྲངས།:


ལྷ་སྒམ་འཁུར་བ།

ལྷ་འབེབས་པ།

     ལོ་རེར་ཐེངས་རེ་སྤེལ་བཞིན་པའི་གཅན་ཚ་རྐ་ཕུག་ཡ་མཁར་ཚོ་བའི་དྲུག་པའི་ཀླུ་རོལ་དུས་ཆེན་དེ་སྤྱི་ལོ2016ལོའི་ལུགས་རྙིང་གི་ཟླ6པའི་ཚེས20ཉིན་ནས་མགོ་བརྩམས་ཏེ་དུས་ཡུན་ཉིན5ལྷག་རིང་གི་ཆོ་ག་དང་བྱ་འགུལ་སྣ་ཚོགས་གཟབ་ལ་རྒྱས་པའི་ངང་སྤེལ།
     སྤྱིར་དྲུག་པའི་ཀླུ་རོལ་ནི་མདོ་སྨད་མཚོ་སྔོན་རོང་ཕྱོགས་ས་ཆར་རྒྱུག་ཆེ་བའི་དམངས་སྲོལ་རིག་གནས་དུས་ཆེན་གལ་ཆེན་གྲས་ཀྱི་གཅིག་ཡིན་ལ། གཙོ་བོ་རེབ་གོང་དང་ཁྲི་ཀ  གཅན་ཚ། ཞུན་ཧྭ་སོགས་ས་ཆས་དུས་ཆེན་འདིར་མཐོང་ཆེན་བྱེད་པ་ཞིག་ཡིན་ཞིང་། ཡུལ་གྲུ་སོ་སོས་དམངས་སྲོལ་དུས་ཆེན་འདི་རོལ་བའི་ཐུན་མོང་གི་དུས་ཚིགས་ནི་ལོ་རེའི་ཧོར་ཟླ་དྲུག་པའི་ཟླ་དཀྱིལ་ནས་འགོ་རྩོམ་པ་ཞིག་ཡིན་ལ། མང་ཆེ་བ་དྲུག་པའི་ཚེས་ཉི་ཤུ་ནས་ཚེས་ཉེར་ལྔ་ཉིན་སྟེ་དུས་ཡུན་ཉིན་ལྔ་ལྷག་རིང་ལ་ལྷ་ཀླུ་གཉན་གསུམ་ལ་ཆོ་ག་རྒྱ་ཆེན་གཏོང་བའི་དུས་ཆེན་ཁྱད་པར་བ་ཞིག་ཡིན།
     མཚོ་སྔོན་གྱི་ས་ཆ་སོ་སོའི་དྲུག་པའི་ཀླུ་རོལ་ལའང་རང་ས་གནས་ཀྱི་དམངས་སྲོལ་ལྟར་དུས་ཆེན་གྱི་ཆོ་ག་བྱེད་སྟངས་མི་འདྲ་བ་ཡོད་པ་སྟེ། མདོ་སྨད་གཅན་ཚ་རྐ་ཕུག་ཡ་མཁར་ཚོ་བའི་དྲུག་པའི་ཀླུ་རོལ་ལ་མཚོན་ན་དྲུག་པའི་ལྷ་སྐར་ཆེན་མོའི་དུས་ཚིགས་གཙོར་བཟུང་ནས་ཆོས་ལུགས་ཀྱི་རིམ་གྲོ་བསྒྲུབ་ཏེ་ལྷ་འབེབས་པ་གཙོ་བོར་བྱེད་པའི་ཆོ་ག་ཞིག་ཡིན་ལ། ཆོས་ལུགས་ཆོ་གའི་ཞོར་དུ་མང་ཚོགས་རྣམས་ཀྱིས་ཁམས་གསེང་གཏོང་ཞིང་དམངས་ཁྲོད་གླུ་གར་ལ་རོལ་བ་དང་མང་ཚོགས་ཕན་ཚུན་གྱི་བསམ་བློ་བརྗེ་རེས་བྱེད་པའི་དུས་ཚིགས་སྤྲོ་བག་ལྡན་པ་ཞིག་ཡིན།


མདའ་འཕེན་པ།


འབེན་སྟེང་ལ་མདའ་མང་པོ་ཕོག་ཡོད་པ།


མདའ་རྩེད་ཡུལ་དངོས།

     དྲུག་པའི་ཀླུ་རོལ་ཞེས་པ་ནི་བོད་བཙན་པོའི་རྒྱལ་རབས་ཀྱི་ཡར་སྔོན་ནས་བཟུང་ལུགས་སྲོལ་ཡོད་པར་བརྗོད་ཅིང་། གཙོ་བོ་དམར་མཆོད་བྱེད་པ་དང་ལྷ་བསང་གཏོང་བ། ལྷ་འབེབས་པ། འགྱོགས་བྱམས་ཁུར་བ་སོགས་བྱེད་པའི་བོད་ཀྱི་དམངས་སྲོལ་བྱེད་སྒོ་ཞིག་ཡིན། རྐ་ཕུག་ཡ་མཁར་ཚོ་བའི་དྲུག་པའི་ཀླུ་རོལ་ཡང་ལུགས་སྲོལ་བྱེད་སྟངས་དེ་དག་གི་རྨང་གཞིའི་སྟེང་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་བ་ཞིག་ཡིན་མོད། སྤྱི་ཚོགས་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཁྲོད་ནས་སྲོལ་རྒྱུན་རིག་གནས་མི་ཉུང་བ་ཞིག་དེར་བསྟུན་གྱིས་ཉམས་དམས་སུ་འགྲོ་བཞིན་ཡོད་པ་ནི་ཆོས་ཉིད་དུ་གྱུར་བའི་དབང་གིས། རྐ་ཕུག་ཡ་མཁར་ཚོ་བའི་དྲུག་པའི་ཀླུ་རོལ་ཡང་ཉེ་བའི་ལོ་ངོ་བཅུའི་ནང་དུ་རིམ་བཞིན་སྲོལ་ལུགས་རྣམས་ཉམས་པར་གྱུར་ཞིང་། དུས་ཆེན་སྐབས་སུ་མང་ཚོགས་མི་འདུས་ཤིང་ཚོང་ཟོང་མེད་པ། ཉིན་རེའི་ལྷ་རྩེད་དང་ལྷ་འབེབས་པའི་སྲོལ་ལུགས་སྟབས་བདེར་བསྒྱུར་བ་སོགས་བྱས་ཏེ། དྲུག་པའི་ཀླུ་རོལ་ནི་ལྷ་བསང་ཁོ་ན་གཏོང་བའི་དུས་ཚིགས་ཤིག་ཏུ་གྱུར་ཡོད་པ་རེད།
     ཉེ་བའི་ལོ་འགའི་ཚུན་ལ། རྒྱལ་ཁབ་ཀྱིས་དྲུག་པའི་ཀླུ་རོལ་ལམ་ལྷ་རྩེད་ནི་གཟུགས་འདས་ཤུལ་བཞག་རིག་གནས་སྲུང་སྐྱོབ་གྲས་སུ་བཞག་པ་ནས་བཟུང་། ས་གནས་རིམ་པ་སོ་སོའི་སྲིད་གཞུང་གིས་ཐུགས་ཁུར་དང་རྒྱབ་སྐྱོར། ས་གནས་མང་ཚོགས་དང་སྡེ་བའི་འགན་ཁུར་མི་སྣ་དག་གིས་འབད་བརྩོན་འོག  རྐ་ཕུག་དྲུག་པའི་ཀླུ་རོལ་གྱི་རྣམ་པ་རིམ་གྱིས་སླར་གསོ་བྱས་ཤིང་། ན་ནིང་ནས་བཟུང་སྟེ་དྲུག་པའི་ཀླུ་རོལ་གྱི་སྲོལ་རྒྱུན་ཆོས་ལུགས་ཆོ་གའི་རིམ་གྲོ་སླར་གསོ་བྱས་པའི་ཁར། ད་དུང་དུས་ཆེན་སྐབས་སུ་མང་ཚོགས་ཀྱི་རིག་གནས་འཚོ་བའི་དགོས་མཁོ་བསྐང་ཆེད། རིག་རྩེད་ལེ་ཚན་གང་མང་འཁྲབ་སྟོན་བྱས་པ་དང་། མདའ་རྩེད་འགྲན་སྡུར་གྱི་བྱ་འགུལ་ཡང་སྤེལ་ཏེ་རྐ་ཕུག་ཡ་མཁར་ཚོ་བའི་དྲུག་པའི་ཀླུ་རོལ་ལ་སླར་ཡང་དུས་ཆེན་གྱི་གསོན་ཤུགས་རྒྱས།
     གསར་འགོད་པས་རྐ་ཕུག་དྲུག་པའི་ཀླུ་རོལ་འཚོགས་ཡུལ་ནས་མཐོང་བ་ལྟར་ན། ཚང་ཚིང་གཡུ་ལོས་འཁྲིགས་པའི་རྐ་ཕུག་གྲམ་གཞོང་ན་མི་ཚོགས་ཀྱི་འདུ་ལོང་དགོད་ཅིང་། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཕན་བདེ་གླིང་གི་དགེ་སློབ་ཚོས་རིག་རྩལ་འཁྲབ་སྟོན་གྱ་ནོམ་པ་བསྣམས་ནས་རིག་རྩལ་ལེ་ཚན་སྣ་ཚོགས་ཀྱི་ལེགས་སྐྱེས་ཕུལ་བ་དང་། གླུ་བ་གླུ་མའི་གླུ་ངག་གི་དབྱངས་རྟ་རྐ་ཕུག་གྲམ་གཞོང་རིང་མོར་ཁྱབ་འདུག  ཨེར་ལང(ཡུལ་ལྷ)ལྷ་ཁང་གི་ཁོ་ར་ཁོར་ཡུག་ཏུ་ལྷ་བསང་གི་དྲི་མས་ཁྱབ་ཅིང་། ཆོས་ལུགས་རིམ་གྲོའི་ཆོ་ག་ཁ་ཚང་སྤེལ་ཏེ། དམངས་སྲོལ་རིག་གནས་ཀྱི་ཤུགས་ན་འཚེར་བའི་ཐུན་མིན་ཁྱད་ཆོས་ཤིག་མངོན་པར་མཚོན་འདུག
     མདའ་རྩེད་ར་བ་རུ་དཔའ་ལུང་གཅན་ཚ་ས་ཁུལ་གྱི་མདའ་འཕེན་འགྲན་ཞུགས་པ་ཚོས་མཛའ་བརྩེ་དང་པོ་དང་འགྲན་སྡུར་གཉིས་པ་བྱས་ཏེ་མདའ་མོ་གཞུ་རྒྱུད་ལ་དྲངས་ཤིང་། མཛའ་གཅུགས་ཀྱི་ཀི་བསོ་དང་ལག་རྡང་བར་ནས་དུས་ཆེན་ལ་བསུ་མ་བྱེད་ཅིང་སྤྲོ་བག་བསྣན།
     རྒྱུས་ལོན་པ་ལྟར་ན། ད་ལོའི་གཅན་ཚ་རྐ་ཕུག་ཡ་མཁར་ཚོ་བའི་དྲུག་པའི་ཀླུ་རོལ་ནི་ན་ནིང་ལས་ལྡབ་འགྱུར་གྱིས་ཇེ་རྒྱས་ཇེ་ལེགས་སུ་སོང་ཡོད་ལ། སྲོལ་རྒྱུན་ལྷ་འབེབས་རིམ་གྲོ་ཁ་ཚང་ཡོད་པའི་ཁར། ཚོང་ཟོང་མང་ཞིང་། རིག་རྩལ་རྣམ་གྲངས་མང་བ། ཁུལ་དང་རྫོང་གི་འཁྲབ་སྟོན་དཔུང་རྒྱ་ཆེ་བ་དང་། མདའ་འཕེན་རུ་ཁག་མང་ལ། གླུ་བ་གླུ་མའི་དཔུང་ཁག་མང་བ། མདའ་འཕེན་རུ་ཁག་ལའང་གཅན་ཚ་རྫོང་གི་རྒན་གྲས་ཚོགས་པ་དང་། དཔའ་ལུང་རྫོང་གདོང་བཞུགས་མདའ་འཕེན་ཚོགས་པ་དང་གདོང་ལ་ཁ། ཚེ་རིག གཟི་ལུང་། པྲ་ཙ་སོགས་ཡོད་ལ། གཅན་ཚ་རྐ་ཕུག་བོད་ཞ་ཚང་དང་། རྐ་ཕུག་ཅོང་སྨད་མདའ་འཕེན་རུ་ཁག ཁམས་ར་སྐྱིད་གླེ་མདའ་འཕེན་རུ་ཁག རྨ་ལྷོ་ཁུལ་ཕན་བདེ་གླིང་མདའ་འཕེན་ཚོགས་པ་སོགས་འགྲན་ཞུགས་རུ་ཁག་བཅུ་གསུམ་ཞུགས་ཡོད།


མདའ་འཕེན་འགྲན་སྡུར་ལ་བྱ་དགའ་གནང་བ།


མདའ་འཕེན་འགྲན་སྡུར་ལ་བྱ་དགའ་གནང་བ།

     མདའ་རྩེད་འགྲན་སྡུར་ཁྲོད་གཅན་ཚ་རྫོང་དང་དཔའ་ལུང་རྫོང་གཉིས་ཀྱིས་སྲོལ་རྒྱུན་རིག་གནས་བརྗེ་རེས་ཀྱི་མདུད་ཐག་ལས་ཁྱིམ་མཚེས་དང་སྤུན་ཟླ་རྫོང་གི་མཛའ་མཐུན་མཉམ་གནས་གྱི་གསེར་ཟམ་ལ་འོད་མདངས་བསྩལ། བྱ་དགའི་རྣམ་གྲངས་ལ་ཨང་དང་པོར་བྱ་དགའི་དངུལ་སྒོར4000དང་། ཨང་གཉིས་པར་བྱ་དགའི་དངུལ་སྒོར3000། ཨང་གསུམ་པར་བྱ་དགའི་དངུལ་སྒོར2000། ཨང་བཞི་པར་བྱ་དགའི་དངུལ་སྒོར1000བཅས་དང་། གཞན་མདའ་འཕེན་འགྲན་ཞུགས་རུ་ཁག་སོ་སོར་སྟིང་སྐུལ་བྱ་དགའ་སྒོར500རེ་བྱིན་ཏེ་མི་རིགས་མཐུན་སྒྲིལ་དང་ཡར་ཐོན་ལ་ཤུགས་སྣོན་དང་། མི་རིགས་རིག་གནས་འཛིན་སྐྱོང་སྤེལ་གསུམ་ཐད་ཡར་སྐུལ་གྱི་ནུས་པ་བཏོན།


གླུ་གར་ལ་རོལ་བ།


འཁྲབ་སྟོན་པ།

     ཉེ་ཆར་རྒྱལ་ཡོངས་སུ་སྲོལ་རྒྱུན་རིག་རྩལ་འཁྲབ་སྟོན་ཁྲོད་ཨང་གསུམ་པ་བླངས་པའི་གཅན་ཚ་མདའ་མོ་གཡང་རྫོང་མི་རིགས་སྲོལ་རྒྱུན་རིག་གནས་འཁྲབ་སྟོན་ཚོགས་པས་ཀྱང་ཆེད་འཁྲབ་གྱ་ནོམ་པ་བྱས་པར། མང་ཚོགས་ཀྱིས་དགའ་བསུ་ཆེ་ཆེར་ཐོབ།


འབྲེལ་ཡོད་འོས་སྦྱོར།