ཡུལ་ཤུལ་ས་གནས་ཀྱི་བརྩམས་ཆོས་དང་རིགས་རུས་རིག་གནས་སྐོར་གྱི་བགྲོ་གླེང་ཚོགས་ཆེན་བསྡུས།
ཡུལ་ཤུལ་ས་གནས་ཀྱི་བརྩམས་ཆོས་དང་རིགས་རུས་རིག་གནས་སྐོར་གྱི་བགྲོ་གླེང་ཚོགས་ཆེན་བསྡུས།
སྤྱི་ཟླ4བའི་ཚེས4ནས་ཚེས5སྟེ་ཉིན་གཉིས་ཀྱི་རིང་། ཡུལ་ཤུལ་ས་གནས་ཀྱི་བརྩམས་ཆོས་དང་རིགས་རུས་རིག་གནས་སྐོར་གྱི་ཚོགས་འདུ་དེ་ཡུལ་ཤུལ་སྐྱེ་རྒུ་མདོའི་ཉི་མའི་བླ་མཚོའི་སྐུ་མགྲོན་ཁང་དུ་བསྡུས་ཤིང་། འགོ་ཁྲིད་རྣམ་པ་དང་ཆེད་མཁས་པ། རྫོང་ཁག་སོ་སོའི་འཐུས་མི20ལྷག་དང་ཟུར་ཞུགས་ཀྱི་མི་སྣ10ལྷག་ཚོགས་འདུར་ཞུགས།
ཕྱོགས་སོ་སོ་ནས་ཕེབས་པའི་ལོ་རྒྱུས་ཞིབ་འཇུག་པ་རྣམ་པས་ཡུལ་ཤུལ་ཕྱོགས་ནས་ས་གནས་ཀྱི་མཁས་དབང་རྣམས་ལ་བརྩམས་ཆོས་གང་འདྲ་ཞིག་ཡོད་པ་དང་། ད་ལྟ་དངོས་ཡོད་བརྩམས་ཆོས་ཅི་ཙམ་ལྷག་ཡོད་པ་དང་། དཔེ་རྙིང་གང་ཞིག་དཔེ་མཛོད་ཁང་དུ་ཇི་ལྟར་བསྡུ་ཉར་ཐུབ་མིན། དེང་གི་རྩོམ་པ་པོ་རྣམས་ཀྱིས་བྲིས་པའི་བརྩམས་ཆོས་ཁག་རང་ཁུལ་གྱི་དཔེ་མཛོད་ཁང་དང་འབྲེལ་བ་ཇི་ལྟར་བྱ་བའི་སྐོར་ནས་གྲོས་མོལ་བྱས།
ཚོགས་ཞུགས་མི་སྣ་དག་ལྷན་དུ་པར་བླངས་པ།
གཞན་ལོ་རྒྱུས་ཀྱི་ཐོག་ཏུ་རུས་རྒྱུད་དག་གི་ཁྱིམ་ཚང་དང་མི་གྲངས་ག་ཚད་ལོན་པའི་སྐོར་དང་། རུས་རྒྱུད་གང་ཞིག་གི་རུས་མིང་དང་འབྲེལ་བའི་གནའ་ཤུལ་དང་། གནའ་རྫས། གཅེས་ནོར་དང་། ས་མིང་མཚེར་མིང་། རི་མིང་དང་ཆུ་མིང་། སྡེ་ཤོག་དང་གྲོང་ཚོ་སོགས་རུས་མིང་གི་འབྲེལ་བ་ཡོད་པའི་སྐོར་དང་། ཡུལ་ཤུལ་གྱི་ས་གནས་སོ་སོར་མི་གྲངས་དང་དུད་གྲངས་ཆེར་མང་བའི་རུས་རྒྱུད་གཙོ་བོ་གང་དག་ཡོད་པ་དང་། རུས་རྒྱུད་སོ་སོར་གྲགས་ཅན་གྱི་མི་སྣ་གང་དག་བྱུང་མྱོང་བ་དང་། དེ་དག་གི་མཛད་འཕྲིན་གཙོ་བོ་ངོས་འཛིན་སོགས་ཀྱི་ཐད་ནས་བགྲོ་གླེང་རྒྱ་ཆེར་མཛད། ཆེད་དུ་ལོ་རྒྱུས་ཞིབ་འཇུག་པ་རྣམ་པས་རིགས་རུས་གཙང་དག་གི་སྐོར་ནས་དོ་སྣང་དགོས་ཚུལ་གྱི་གསུངས་གླེང་གལ་ཆེན་གནང་།