པདྨ་རྫོང་སྐོར་བྲོ་རུ་ཁག་གིས་སྐབས་བཞི་བའི་ཀྲུང་གོ་ཀླུ་ཆུའི་སྐོར་བྲོ་འགྲན་བསྡུར་ཁྲོད་ཨང་དང་པོ་བླངས།

ཉེ་སྔོན། སྐབས་བཞི་བའི་མཛེས་སྡུག་ཀྲུང་གོ་དང་སྐྱེ་ཁམས་དཔལ་ཡོན་གྱི་འདུ་ཤེས་བཅིངས་བའི་ཀྲུང་གོ་བོད་རིགས་སྐོར་བྲོ་འགྲན་བསྡུར་ཆེན་མོ་ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་ཀླུ་ཆུ་རྫོང་དུ་གཟབ་རྒྱས་ངང་ཚོགས་ཤིང་། མཚོ་སྔོན་དང་སི་ཁྲོན། ཀན་སུའུ་ཞིང་ཆེན་གསུམ་གྱི་འཐུས་ཚབ་རུ་ཁག23དང་སྐོར་བྲོ་འཁྲབ་སྟོན་པ་མི1400ལྷག་ཐེངས་འདིའི་འགྲན་བསྡུར་ལ་ཞུགས། ཛ་དྲག་གི་འགྲན་བསྡུར་བརྒྱུད་དེ། པདྨ་རྫོང་འཐུས་ཚབ་རུ་ཁག་ལ་སྐབས་བཞི་བའི་ཀྲུང་གོའི་སྐོར་བྲོ་འགན་བསྡུར་ཁྲོད་ཨང་དང་པོ་ཐོབ་ཅིང་། སྒོར200000ཀྱི་བྱ་དགའ་ཐོབ།

པདྨ་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་སྐབས་བཞི་བའི་ཀྲུང་གོའི་བོད་རིགས་སྐོར་བྲོ་འགྲན་བསྡུར་ལ་ཚད་མཐོན་པོས་མཐོང་ཆེན་བྱས་ཤིང་། ཐེངས་འདིའི་བྱ་འགུལ་ནི་གཅིག་བསྡུས་བཅོས་སྐྱོང་གྲུབ་འབྲས་ལ་ཞིབ་བཤེར་རྩིས་ལེན་དང་པདྨའི་ཉམས་མྱོང་མཐོར་འདེགས་བྱེད་པ། པདྨའི་རྣམ་པ་དྲིལ་སྒྲོག་བྱེད་པའི་སྟེགས་བུ་ཞིག་ཏུ་རྩིས་ཏེ། རྩ་འཛུགས་དང་གྲ་སྒྲིག་ཞིབ་མོ་བྱས་ཤིང་། འགོ་ཁྲིད་ཚན་ཆུང་བཙུགས་ལ། ཆེད་དོན་མ་དངུལ་བྱིན་པ་མ་ཟད། འཁྲབ་སྟོན་པ་མི45གདམ་སྤོར་བྱས་པ་དང་། ཞིང་ཆེན་རིག་གནས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་བཙུན་ཐར་དང་ཞིང་ཆེན་བདེ་སྐྱིད་རིག་རྩལ་ཚོགས་པའི་ཚོགས་གཙོ་རྡོ་རྗེ་མཚོ་གཉིས་གདན་ཞུ་བྱས་ཏེ། ཟླ་གཅིག་ལྷག་གི་རིང་དུ་མཛུབ་ཁྲིད་བྱས་ལ། སྦྱོང་བརྡར་གྱི་གོ་རིམ་ཁྲོད་དུ། རྫོང་ཨུ་དང་རྫོང་སྲིད་གཞུང་གི་འགོ་ཁྲིད་ཀྱིས་ཐེངས་མང་པོར་གྲོས་ཚོགས་བསྡུས་པ་དང་། མཛུབ་སྟོན་དང་ཡུལ་དངོས་ལྟ་སྐུལ་གང་མང་བྱས་པ་མ་ཟད། དངོས་སུ་རུ་ཁག་ཁྲིད་དེ་ཉེ་སྔོན་ཀླུ་ཆུ་རྫོང་དུ་སོང་ནས་འགྲན་བསྡུར་ལ་ཞུགས།
འདི་ནི་པདྨ་རྫོང་གིས་འཐུས་ཚབ་རུ་ཁག་མངགས་ནས་བོད་རིགས་སྐོར་བྲོ་འགྲན་བསྡུར་ལ་ཞུགས་ཐེངས་དང་པོ་ཡིན་ཞིང་། འགྲན་བསྡུར་ཁྲོད་དུ། པདྨའི་འཐུས་ཚབ་རུ་ཁག་གིས་འཁྲབ་སྟོན་བྱས་པའི《ངའི་ཕ་ཡུལ་མགོ་ལོག་པདྨ》ཞེས་པའི་སྐོར་བྲོ་ཡི་མི་སེམས་འགུག་ཅིང་མཛེས་སྡུག་ལྡན་པའི་སྟངས་སྟབས་དང་སྙན་འཇེབས་ཀྱི་འགྱུར་ཁུགས།ཐུན་མོང་མ་ཡིན་པའི་སྒྲིག་སྦྱོར་གྱིས་ལྟད་མོ་བ་དང་དཔྱད་འདེམ་པ་ཡོངས་ཀྱི་ཡིད་དབང་རབ་ཏུ་འཕྲོག་སྟེ་ཨང་དང་པོ་བླངས།
