logo

རྨ་འདབས་རིག་གནས་ཞབས་ཞུ་ཚོགས་པས་ཁོར་སྲུང་ཐད་ཀྱི་རིག་རྩལ་འཁྲབ་སྟོན་སྤེལ་བ།

རྩོམ་པ་པོ།:FFIའབྲོག་སའི་རྩྭ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-08-25 ཀློག་གྲངས།:


ཁོར་ཡུག་སྲུང་སྐྱོབ་བྱེད་པ།

རྨ་འདབས་རིག་གནས་ཞབས་ཞུ་ཚོགས་པས་ཁོར་སྲུང་ཐད་ཀྱི་རིག་རྩལ་འཁྲབ་སྟོན་སྤེལ་བ།
ཆུ་མགོའི་ཁོར་ཡུག་སྲུང་སྐྱོབ་བྱེད་པ།

     ཉེ་ལམ། 2015ལོའི་ཨ་མྱེ་རྨ་ཆེན་གངས་རིའི་རིག་གནས་ཡུལ་སྐོར་དུས་ཆེན་ཀྱི་ཉིན་མོ་དང་བསྟུན་ནས་རྨ་འདབས་རིག་གནས་ཞབས་ཞུ་ཚོགས་པས་རྨ་ཆེན་རྫོང་གི་ཁོངས་གཏོགས་ཀྱི་ཚོགས་པ་སྟེ་རྒྱང་བཞུད་ཉི་འོད་ཚོགས་པ་དང་། གངས་དཀར་ཨ་མའི་ཚོགས་པ། འབྲོག་མི་ལྷག་བསམ་ཚོགས་པ། སྦྲ་ནག་སྤུན་ཟླའི་ཚོགས་པ་བཅས་ཚོགས་པ5དང་མཉམ་འབྲེལ་བྱས་ནས་ཁོར་ཡུག་སྲུང་སྐྱོབ་ནང་དོན་གཙོ་བོ་ཡིན་པའི་རིག་རྩལ་བྱ་འགུལ་སྤེལ།
     རྨ་འདབས་རིག་གནས་ཞབས་ཞུ་ཚོགས་པ་ནི་སྤྱི་ལོ2003ལོར་གསར་འཛུགས་བྱས་ཤིང2008ལོར་སྲིད་གཞུང་གིས་དངོས་སུ་ཆོག་མཆན་ཐོབ་པ་ཡིན། འདས་པའི་ལོ12 ལྷག་གི་རིང་ལ་ཚོགས་པས་གཙོ་བོ་བོད་ཁུལ་ཀྱི་རིག་གནས་དང་སྒྱུ་རྩལ། ཁོར་ཡུག་སྲུང་སྐྱོབ་བཅས་ཀྱི་བྱ་བར་ཡར་སྐུལ་བྱེད་ཆེད། འབྲོག་ཁུལ་དུ་ཡིག་རྨོངས་སེལ་བ་དང་། རིག་རྩལ་འཁྲབ་སྟོན་ལ་སོགས་པའི་བྱ་འགུལ་སྣ་ཚོགས་སྤེལ་ཏེ་མང་ཚོགས་ཀྱི་བསམ་བློ་དང་རིག་གནས་ཀྱི་ཆུ་ཚད་མཐོར་འདེགས་གཏོང་ཅི་ཐུབ་བྱེད་བཞིན་ཡོད།
     ད་ལོ་ཡང་ཚོགས་པར་དམིགས་བསལ་གྱི་ལས་གཞི་ཞིག་ཡོད་པ་ནི། རང་བྱུང་གནས་མཆོག་སྲུང་སྐྱོང་གི་ལས་གཞི་སྟེ། ཆུ་མགོ་སྲུང་སྐྱོང་དང་ཞིབ་འཇུག་གི་ལས་གཞི་དེ་ཡིན།དེ་མིན་ཞོར་དུ་གད་སྙིགས་གཙང་སེལ་དང་། མང་ཚོགས་ལ་ཁོར་ཡུག་སྲུང་སྐྱོབ་ཀྱི་འདུ་ཤེས་སྐྱེད་བསྲིང་བྱེད་ཆེད། དུས་ཆེན་དང་མང་ཚོགས་མཉམ་འཛོམས་བྱུང་བའི་གོ་སྐབས་དེ་དག་བེད་སྤྱད་ནས་ཁོར་ཡུག་སྲུང་སྐྱོབ་ནང་དོན་གཙོ་བོ་ཡིན་པའི་རིག་རྩལ་འཁྲབ་སྟོན་སྤེལ་བ་ཡིན།
     ཐེངས་འདིར་རྨ་ཆེན་རྫོང་གི་སྒེར་གཉེར་ཚོགས་པ་འགའ་དང་མཉམ་དུ་གླུ་དང་།རྡུང་ལེན། ཞབས་བྲོ་སོགས་འདུས་པའི་རིག་རྩལ་སྣ་ཚོགས་ཀྱི་བྱ་འགུལ་སྤེལ་ཏེ་སྐྱེ་དངོས་སྣ་ཚོགས་དང་རི་སྐྱེས་སྲོག་ཆགས་ནི་སྐྱེ་ཁམས་མ་ལག་གི་གྲུབ་ཆ་གཙོ་བོ་ཡིན་པ་དང་སྐྱེ་དངོས་སྣ་ཚོགས་དང་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་བྱེད་པ་ནི་མདོར་ན་རང་ཉིད་སྲུང་སྐྱོབ་བྱེད་པ་དང་གཅིག་མཚུངས་ཡིན་ཚུལ་གྱི་འབོད་སྐུལ་བཏང་ལ། ད་དུང་རྩྭ་ས་སྲུང་སྐྱོབ་ནི་མིའི་རིགས་འདི་ཡུན་གནས་ཐུབ་མིན་གྱི་གཞི་རྩ་ཡིན་པ་དང་། ལྷག་པར་དུ་ཆུ་ནི་འཇིག་རྟེན་སྐྱེ་དངོས་ཡོད་ཚད་ཀྱི་ཚེ་སྲོག་ཡིན་པས་སྲུང་སྐྱོང་དང་བདག་དམ་བྱེད་དགོས་ཚུལ་སོགས་ཀྱི་སློབ་གསོ་གླུ་དང་རྡུང་ལེན་སོགས་ཀྱི་ལམ་ནས་སྤེལ།


འབྲེལ་ཡོད་འོས་སྦྱོར།