logo

མགོ་ལོག་རྡོ་བཟང་གེ་སར་རིག་གནས་སྲུང་སྐྱོབ་ལྟེ་གནས་ལེགས་གྲུབ་ཀྱི་མཛད་སྒོ་རྟ་བོ་གྲོང་རྡལ་དུ་བསྡུས།

རྩོམ་པ་པོ།:ཤ་བོ་སྐྱབས། ཡོང་ཁུངས།:མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་། དུས་ཚོད།:2015-08-24 ཀློག་གྲངས།:


གེ་སར་རིག་གནས་ཀྱི་ཆེད་ལས་མཁས་པ་གཅོད་པ་དོན་གྲུབ་དང་མགོ་ལོག་ཁུལ་དམངས་འཐུས་ཚོགས་ཆེན་གྱི་ཀྲུའུ་རིན་
གཞོན་པ་ལྡོང་ནོར་སྡེ་གཉིས་ཀྱིས་ལྟེ་གནས་ལེགས་གྲུབ་ཀྱི་མཛད་སྒོའི་དར་ཚོན་གཅོད་བཞིན་པ།

     སྤྱི་ཟླ8པའི་ཚེས17ཉིན་གྱི་སྔ་དྲོ། མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་མི་དམངས་སྲིད་གཞུང་གི་ཆོག་མཆན་ཐོབ་པ་ལྟར། མེ་ལོང་གི་གསང་བ་ལས་བྱུང་པའི་གེ་སར་སྒྲུང་གི་སྒྱུ་རྩལ་པ་སྟེ་སྒྲུང་བ་རྡོ་རྗེ་བཟང་བོས་གཙོ་སྒྲུབ་གནང་བའི་མགོ་ལོག་རྡོ་བཟང་གེ་སར་རིག་གནས་སྲུང་སྐྱོབ་ལྟེ་གནས་དང་གེ་སར་རིག་གནས་ཞིབ་འཇུག་ལྟེ་གནས་གཉིས་ལེགས་གྲུབ་བྱུང་བའི་མཛད་སྒོ་རྨ་ཆེན་རྫོང་རྟ་བོ་གྲོང་རྡལ་ནས་བསྡུས།
     ཐེངས་འདིའི་མཛད་སྒོའི་སྟེང་གེ་སར་རིག་གནས་ཀྱི་ཆེད་མཁས་པ། མཚོ་སྔོན་བོད་རིག་པ་ཞིབ་འཇུག་ལྷན་ཚོགས་ཀྱི་དྲུང་ཡིག་ཆེན་མོ་གཅོད་པ་དོན་གྲུབ་དང་། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་གེ་སར་ཞིབ་འཇུག་གླིང་གི་འགོ་གཙོ་ལྷུན་གྲུབ་དབང་མོ། མཚོ་སྔོན་མི་རིགས་དགེ་ཐོན་སློབ་གྲྭའི་དགེ་རྒན་ཆེན་མོ་སྟོབས་ལྡན། མགོ་ལོག་ཁུལ་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ལྡོང་ནོར་སྡེ་བཅས་ལེགས་གྲུབ་མཛད་སྒོར་ཞུགས་པར་མ་ཟད་གེ་སར་རིག་གནས་འཛིན་སྐྱོང་སྤེལ་གསུམ་བྱེད་དགོས་པའི་ཐད་ནས་གཏམ་བཤད།
     གེ་སར་རྒྱལ་བོའི་སྒྲུང་ནི་འཛམ་གླིང་སྟེང་ཆེས་རིང་བའི་ལོ་རྒྱུས་སྙན་རྩོམ་རིང་མོ་ཞིག་ཡིན་ལ། བོད་མི་རིགས་ཀྱི་དམངས་ཁྲོད་ནས་བྲིས་སྒྲུང་དང་བབས་སྒྲུང་། པྲ་སྒྲུང་སྟེ་མེ་ལོང་ལས་འཆར་བའི་སྒྲུང་ལ་སོགས་པའི་བློ་དང་རིག་པར་བརྟེན་ནས་བོད་ཀྱི་ཆོས་ལུགས་དང་དམག་དོན། ཆབ་སྲིད། དཔལ་འབྱོར། དམངས་སྲོལ། རྩོམ་རིག ལུས་རྩལ། གླུ་གར་སོགས་རིག་གནས་ཀུན་འདུས་ཀྱི་གླེགས་བམ་ཆེན་མོ་ཞིག་ཏུའང་གྲུབ་ཡོད།


འབྲེལ་ཡོད་འོས་སྦྱོར།