logo

བོད་རང་སྐྱོང་ལྗོངས་བོད་ཡིག་གནའ་དཔེ་ཉམས་གསོ་ལྟེ་གནས་ཀྱི་སྒོ་བྱང་འགེལ་བའི་མཛད་སྒོ་སྤེལ་བ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-07-22 ཀློག་གྲངས།:


བོད་རང་སྐྱོང་ལྗོངས་ཀྱི་བོད་ཡིག་གནའ་དཔེ་ཉམས་གསོའི་གསོ་སྦྱོང་དང་བོད་རང་སྐྱོང་ལྗོངས་
བོད་ཡིག་གནའ་དཔེ་ཉམས་གསོ་ལྟེ་གནས་ཀྱི་སྒོ་བྱང་འགེལ་བའི་མཛད་སྒོ།

བོད་རང་སྐྱོང་ལྗོངས་བོད་ཡིག་གནའ་དཔེ་ཉམས་གསོ་ལྟེ་གནས་ཀྱི་སྒོ་བྱང་འགེལ་བའི་མཛད་སྒོ་སྤེལ་བ།
བོད་རང་སྐྱོང་ལྗོངས་བོད་ཡིག་གནའ་དཔེ་ཉམས་གསོ་ལྟེ་གནས་ཀྱི་སྒོ་བྱང་འགེལ་བའི་མཛད་སྒོ་སྤེལ་བ།

     སྤྱི་ཟླ7པའི་ཚེས21ཉིན།  བོད་རང་སྐྱོང་ལྗོངས་ཀྱི་བོད་ཡིག་གནའ་དཔེ་ཉམས་གསོའི་གསོ་སྦྱོང་དང་བོད་རང་སྐྱོང་ལྗོངས་བོད་ཡིག་གནའ་དཔེ་ཉམས་གསོ་ལྟེ་གནས་ཀྱི་སྒོ་བྱང་འགེལ་བའི་མཛད་སྒོ་དེ་ལྷ་སར་སྤེལ།
     རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་གསོ་སྦྱོང་ཉིན10ལ་སྤེལ་བ་ཡིན་ཞིང་། ཕོ་བྲང་པོ་ཏ་ལ་དང་། ནོར་བུ་གླིང་ཁ། ལྗོངས་ཡིག་ཚགས་ཁང་། གྲོང་ཁྱེར་གྱི་སྲིད་གྲོས། རིག་དངོས་ཅུའུ། གཙུག་ལག་ཁང་། ར་མོ་ཆེ། དགའ་ལྡན་དགོན། ས་སྐྱ་དགོན། སེ་ར་དགོན་སོགས་རང་སྐྱོང་ལྗོངས་ཀྱི་གནའ་དཔེ་ཉར་ཚགས་སྡེ་ཁག་གལ་ཆེན་དག་ལས་གཞན་ད་དུང་མངའ་རིས་དང་། ནག་ཆུ། ཆབ་མདོ། ཉིང་ཁྲི། ལྷོ་ཁ། གཞིས་ཀ་རྩེ། ལྷ་ས་གྲོང་ཁྱེར་སོགས་འབྲེལ་ཡོད་རིག་གནས་དང་རིག་དངོས་ལས་ཁུངས་སོགས་ཀྱི་བསྡོམས་པས་མི་སྣ42ཐེངས་འདིའི་གསོ་སྦྱོང་ལ་ཞུགས།
     བོད་རང་སྐྱོང་ལྗོངས་ནི་རྒྱལ་ནང་གི་བོད་ཡིག་གནའ་དཔེ་ཉར་གསོག་ཆེས་མང་པའི་ཞིང་ལྗོངས་ཤིག་ཡིན་ལ། གནའ་དཔེ་འདི་དག་ནི་ལོ་ངོ་སྟོང་ཕྲག་དུ་མར་བོད་རིགས་མི་དམངས་ཀྱི་དཀའ་བསྐྱེད་ཤེས་རབ་ཏུ་མཚོན་ཞིང་། ཀྲུང་ཧྭ་མི་རིགས་ཀྱི་སྣ་མང་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་དུ་གྱུར་ཡོད།
     བོད་རང་སྐྱོང་ལྗོངས་ཏང་ཨུའི་དྲིལ་པུའུ་ཡི་འགོ་གཙོ་གཞོན་པའམ་རང་སྐྱོང་ལྗོངས་རིག་གནས་ཐིན་གྱི་འགོ་གཙོ་ཉི་མ་ཚེ་རིང་གིས་མཚམས་སྦྱོར་གནང་བ་ལྟར་ན། 2008ལོར་བོད་ལྗོངས་ཀྱིས་གནའ་དཔེ་སྲུང་སྐྱོབ་བྱ་བ་དངོས་སུ་མགོ་བརྩམས་ཏེ་བོད་རང་སྐྱོང་ལྗོངས་གནའ་དཔེ་སྲུང་སྐྱོབ་བྱ་བའི་འགོ་ཁྲིད་ཚན་ཆུང་དང་ཆེད་མཁས་པའི་ཨུ་ཡོན་ལྷན་ཚོགས་བཙུགས་ཤིང་། བོད་རང་སྐྱོང་ལྗོངས་ཀྱིས་སྔ་གཞུག་ཏུ་ནོར་སྲིད་སྒོར་ཁྲི500ལྷག་གི་ཆེད་དོན་མ་དངུལ་བཏང་སྟེ་ཕན་འབྲས་ལྡན་པའི་ངང་སྔོག་བཤེར་སྲུང་སྐྱོབ་བྱ་བའི་དགོས་མཁོར་འགན་སྲུང་བྱས་ལ། རང་སྐྱོང་ལྗོངས་གནའ་དཔེ་ཉམས་གསོ་ལྟེ་གནས་ལ་ཆོག་མཆན་ཐོབ་སྟེ་བཙུགས་པ་དང་། སེ་ར་དགོན་དང་གཙུག་ལག་ཁང་གི་གནའ་དཔེ་ལེགས་སྒྲིག་བྱ་བ་དེ་རང་སྐྱོང་ལྗོངས་ཀྱི་གནའ་དཔེ་སྲུང་སྐྱོབ་ལྟེ་གནས་ཀྱི་ལས་རིགས་དོ་དམ་དུ་ཚུད་ཅིང་། བསམ་ཡས་དགོན་དུ་རང་སྐྱོང་ལྗོངས་དཔེ་མཛོད་ཁང་གི་ཡན་ལག་དཔེ་ཁང་བཙུགས།
     རྒྱུས་ལོན་པ་ལྟར་ན། ད་སྔ་བོད་ལྗོངས་ཀྱིས་གནའ་དཔེ158《རྒྱལ་ཁབ་ཀྱི་གནའ་དཔེ་འགངས་ཆེན་གྱི་མིང་ཐོ》རུ་ཚུད་ཅིང་། བོད་རང་སྐྱོང་ལྗོངས་ཡིག་ཚགས་ཁང་དང་། བོད་རང་སྐྱོང་ལྗོངས་ཀྱི་ཕོ་བྲང་པོ་ཏ་ལ། བོད་ལྗོངས་རྟེན་མཛོད་ཁང་། བོད་ལྗོངས་ཀྱི་ནོར་བུ་གླིང་ཁ་བཅས་སྡེ་ཁག4ནི་རྒྱལ་ཡོངས་ཀྱི་གནའ་དཔེ་སྲུང་སྐྱོབ་ལས་ཁུངས་གནད་འགངས་སུ་བགྲངས།


འབྲེལ་ཡོད་འོས་སྦྱོར།