དངོས་བཤུས་གློག་བརྙན《གངས་ཀྱི་འགྱུར་ཁུག》ཅེས་པ་ཕབ་སྐྲུན་བྱེད་བཞིན་པ།
དངོས་བཤུས་གློག་བརྙན《གངས་ཀྱི་འགྱུར་ཁུག》ཅེས་པའི་དྲིལ་སྒྲོག་པར་རིས།
ཕབ་སྐྲུན་ལས་ཡུལ་ཁག་ཅིག
ཕབ་སྐྲུན་ལས་ཡུལ་ཁག་ཅིག
སྤྱིའི་འཁྲབ་ཁྲིད་པ་ཞི་བདེ་ཉི་མ།
བོད་མདོ་དབུས་ཁམས་གསུམ་གྱི་དམངས་སྲོལ་རོལ་དབྱངས་བརྗོད་གཞིར་གྱུར་བའི་དངོས་བཤུས་གློག་བརྙན《གངས་ཀྱི་འགྱུར་ཁུག》ཅེས་པ་ལས་དབུས་གཙང་གི་ཚན་པ་དེ་བོད་ལྗོངས་ལྷ་ས་དང་། ལྷོ་ཁ། ཀོང་པོ། ནག་ཆུ། མངའ་རིས། ས་སྐྱ། གཞིས་རྩེ་སོགས་ས་ཁུལ་གྱི་རྫོང་དང་། གྲོང་ཚོ་མང་པོའི་ཡུལ་དངོས་སུ་སོང་ནས་ཕབ་སྐྲུན་བྱས་ཏེ་ཉེ་ཆར་ཡོངས་སུ་བདེ་ལེགས་ངང་མཇུག་སྒྲིལ།
དངོས་བཤུས་གློག་བརྙན་འདི་ལས་བོད་མདོ་དབུས་ཁམས་གསུམ་གྱི་ཉམས་དང་ཉམས་བཞིན་པའི་གནའ་བོའི་དམངས་སྲོལ་རོལ་དབྱངས་ཀྱི་ཆེས་གདོད་མའི་སྒྱུ་རྩལ་རྣམ་པ་དེ་ཇི་མ་ཇི་བཞིན་མཚོན་པར་བྱས་ཡོད་སྟབས། བོད་གངས་ཅན་གྱི་དམངས་སྲོལ་སྒྱུ་རྩལ་སྔོག་འདོན་དང་། མྱུར་སྐྱོབ། ཁྱབ་སྤེལ་བཅས་གཏོང་བར་ཆེས་དཀོན་པའི་དཔྱད་གཞིའི་རིན་ཐང་དང་ཞིབ་འཇུག་གི་རིན་ཐང་བསྐྲུན་ཡོད་པ་རེད།
དངོས་བཤུས་གློག་བརྙན་འདི་ནི་ཀུང་ཀྲིག་ཀོང་དབྱིན་གློག་བརྙན་སྒྱུ་རྩལ་ཚད་ཡོད་ཀུང་ཟི་དང་རྣ་ལོང་ཚང་མི་རིགས་གློག་བརྙན་རིག་གནས་སྒྱུ་རྩལ་ཚད་ཡོད་ཀུང་ཟི། དབྱིན་ཇིའི་ཁར་མེ་ལུན་གདོད་མའི་ཤེས་རིག་སྲུང་སྐྱོབ་ཚོགས་པ་གསུམ་པ་བཅས་ཀྱིས་མ་དངུལ་བཏང་ནས་ཕབ་སྐྲུན་བྱས་པ་ཞིག་ཡིན་ལ། བོད་ཀྱི་སྒྱུ་རྩལ་པ་ཞི་བདེ་ཉི་མས་གློག་བརྙན་འདིའི་སྤྱིའི་འཁྲབ་ཁྲིད་པའི་ལས་འགན་ཁུར།
དངོས་བཤུས་གློག་བརྙན་འདིའི་རྗེས་ཀྱི་ཨ་མདོའི་ཚན་པ་དང་། ཁམས་པའི་ཚན་པ་སོགས་མུ་མཐུད་ནས་ཕབ་སྐྲུན་བྱེད་རྒྱུ་རེད། དངོས་བཤུས་གློག་བརྙན་འདི་ནི་འཛམ་གླིང་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ལ་ཆེད་དམིགས་སྒོས་བསྐྲུན་པ་ཞིག་རེད།