logo

ཡོངས་འཛིན་བོད་ཡིག་འཚོལ་བཤེར་མ་ལག་སྔོག་འདོན་ལས་གཞི་དུས་སྐབས་གཉིས་པའི་འཛུགས་སྐྲུན་དུ་སླེབས་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-07-11 ཀློག་གྲངས།:


མཚོ་ལྷོ་ཁུལ་བོད་ཡིག་འཚོལ་བཤེར་མ་ལག་སྔོག་འདོན་བྱ་བའི་འགོ་ཁྲིད་
ཚན་ཆུང་གི་གྲོས་ཚོགས་ཐེངས་གཉིས་པ་བསྡུས།


མཚོ་ལྷོ་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་དང་ཁུལ་བོད་ཡིག་འཚོལ་བཤེར་མ་ལག་
སྔོག་འདོན་བྱ་བའི་འགོ་ཁྲིད་ཚན་ཆུང་གི་འགོ་གཙོ་ཝང་ཅན་མིན།


མཚོ་ལྷོ་ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པའམ་འགོ་ཁྲིད་ཚན་ཆུང་གི་འགོ་གཙོ་གཞོན་པ་སྟག་འབུམ་རྒྱལ།

     སྤྱི་ཟླ7པའི་ཚེས9ཉིན་གྱི་སྔ་དྲོ། མཚོ་ལྷོ་ཁུལ་བོད་ཡིག་འཚོལ་བཤེར་མ་ལག་སྔོག་འདོན་བྱ་བའི་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐེངས་གཉིས་པ་བསྡུས་ཤིང་། གཙོ་ཆེར་ཡོངས་འཛིན་འཚོལ་བཤེར་མ་ལག་གི་དུས་སྐབས་དང་པོའི་འཛུགས་སྐྲུན་ལེགས་འགྲུབ་གནས་ཚུལ་དང་དུས་སྐབས་གཉིས་པའི་འཛུགས་སྐྲུན་གྱི་འཆར་འགོད་ནང་དོན་ཐད་སྤྱི་བསྡོམས་དང་གཏན་འཁེལ་གནང་བ་དང་། མཚོ་ལྷོ་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་དང་ཁུལ་བོད་ཡིག་འཚོལ་བཤེར་མ་ལག་སྔོག་འདོན་བྱ་བའི་འགོ་ཁྲིད་ཚན་ཆུང་གི་འགོ་གཙོ་ཝང་ཅན་མིན་དང་། ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པའམ་འགོ་ཁྲིད་ཚན་ཆུང་གི་འགོ་གཙོ་གཞོན་པ་སྟག་འབུམ་རྒྱལ། དེ་མིན་ལས་གཞི་འདིར་ཞུགས་པའི་ལས་ཁུངས་སོ་སོའི་འགན་ཁུར་བ་སོགས་ཐེངས་འདིའི་གྲོས་ཚོགས་སུ་ཞུགས་ལ། བློ་མཐུན་སྟག་འབུམ་རྒྱལ་གྱིས་གྲོས་ཚོགས་ལ་མདོ་འཛིན་མཛད་པ་རེད།
     གྲོས་ཚོགས་སུ་བློ་མཐུན་ཝང་ཅན་མིན་གྱིས་གཏམ་བཤད་གལ་ཆེན་གནང་བ་སྟེ། ཡོངས་འཛིན་བོད་ཡིག་འཚོལ་བཤེར་མ་ལག་གི་དུས་སྐབས་དང་པོའི་འཛུགས་སྐྲུན་གྱི་ལེགས་འགྲུབ་གནས་ཚུལ་ལ་ཁས་ལེན་དང་གདེང་འཇོག་ཆེན་པོ་གནང་བ་དང་། ཡོངས་འཛིན་བོད་ཡིག་འཚོལ་བཤེར་མ་ལག་གི་ནང་ཁུལ་ཚོད་ལྟ་དང་བོད་ཡིག་འཚོལ་བཤེར་གྱི་སྤྱོད་ནུས་ལེགས་འགྲུབ་བྱུང་བར་རྟེན་འབྲེལ་ཞུས་པ་མ་ཟད། འདིའི་ཐད་ལ་བརྩོན་པའི་ལས་སྒྲུབ་པ་ཡོངས་ལ་བཀའ་དྲིན་ཞུས། ཁོས་གསུང་རྒྱུར། ཡོངས་འཛིན་བོད་ཡིག་འཚོལ་བཤེར་མ་ལག་གི་སྔོག་འདོན་ཞིབ་འཇུག་འདིས་བོད་ཀྱི་སྐད་དང་ཡི་གེའི་ཆ་འཕྲིན་ཅན་འཛུགས་སྐྲུན་དང་། མི་རིགས་སོ་སོ་མཉམ་དུ་དར་སྤེལ་དང་འཕེལ་རྒྱས་ལ་སྐུལ་འདེད། མི་རིགས་རིག་གནས་མཐུན་སྦྱོར་འཛུགས་སྐྲུན། བོད་ཁུལ་གྱི་སྤྱི་ཚོགས་འཆམ་མཐུན་བདེ་འཇགས་བཅས་ཀྱི་ཐད་ལ་དངོས་ཡོད་ཀྱི་དོན་སྙིང་དང་ལོ་རྒྱུས་ཀྱི་དོན་སྙིང་ཆེས་ཆེར་ལྡན། འགོ་ཁྲིད་ཚན་ཆུང་གི་ལས་གཞི་འདིར་ཞུགས་པའི་ལས་ཁུངས་སོ་སོས་བྱ་བའི་འགན་འཁྲི་དང་དུ་བླངས་ཏེ་ཡོངས་འཛིན་བོད་ཡིག་འཚོལ་བཤེར་མ་ལག་གི་དུས་སྐབས་གཉིས་པའི་འཛུགས་སྐྲུན་བྱ་བ་ལེགས་པོར་སྤེལ་དགོས།
     བློ་མཐུན་སྟག་འབུམ་རྒྱལ་གྱིས་གསུང་རྒྱུར། བློ་མཐུན་ཚེ་ལོ་ཡི་འབྲེལ་ཡོད་ཡོངས་འཛིན་བོད་ཡིག་འཚོལ་བཤེར་མ་ལག་གི་དུས་སྐབས་དང་པོའི་འཕེལ་ཚུལ་གྱི་སྙན་ཞུ་ལ་གསན་པ་དང་ཡུལ་དངོས་ཀྱི་བརྙན་རིས་ལ་གཟིགས་རྗེས་བོད་ཡིག་འཚོལ་བཤེར་མ་ལག་ཐད་ཅུང་རྒྱུས་ལོན་བྱུང་ཞིང་། ཆབས་ཅིག་ཏུ་པེ་ཅིང་ཞཱན་ཏཱན་ཀུང་ཟིའི་འབྲེལ་ཡོད་ཡོངས་འཛིན་འཚོལ་བཤེར་མ་ལག་གི་དུས་སྐབས་གཉིས་པའི་འཛུགས་སྐྲུན་དང་ནུས་རྩལ་ཐད་ཀྱི་ནང་དོན་མཚམས་སྦྱོར་དང་སྦྱར་ཏེ་ཡོངས་འཛིན་བོད་ཡིག་འཚོལ་བཤེར་མ་ལག་གི་དུས་སྐབས་གཉིས་པའི་འཛུགས་སྐྲུན་གྱི་འབྲེལ་ཡོད་གནད་དོན་དང་དུས་སྐབས་གཉིས་པའི་འཛུགས་སྐྲུན་གྱི་ནང་དོན། ནུས་རྩལ་དགོས་མཁོ། དུས་ཀྱི་འཕེལ་ཚད་སོགས་ཀྱི་ཐད་ལ་གཅིག་མཐུན་གྱི་ལྟ་ཚུལ་བྱུང་། ཡོངས་འཛིན་བོད་ཡིག་འཚོལ་བཤེར་མ་ལག་ནི་གསར་སྐྲུན་ཆེ་ཞིང་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་བཟོ་བཀོད་ཆེན་པོ་ཞིག་ཡིན་པ་དང་དེར་འཕྲད་པའི་དཀའ་ཁག་དང་སྣོན་ཤུགས་ནི་དངོས་གནས་བློ་ཡུལ་ལས་འགོང་པ་དང་། ཁུལ་བོད་ཡིག་འཚོལ་བཤེར་མ་ལག་སྔོག་འདོན་བྱ་བའི་འགོ་ཁྲིད་ཚན་ཆུང་གི་ལས་ཁུངས་སོ་སོས་ལས་གཞི་འདིའི་ཛ་དྲག་རང་བཞིན་དང་རྙོག་འཛིང་རང་བཞིན་ལ་ངོས་ཟིན་དཔྱིས་ཕྱིན་པ་ཞིག་བྱས་ཏེ་རང་སོ་སོའི་ལས་རིགས་ཀྱི་ཁྱབ་ཁོངས་སུ་རྒྱབ་སྐྱོར་གང་ནུས་སྒོས་བྱ་བའི་རྒྱས་ཤུགས་གཙོ་བོར་འགྱུར་རྒྱུ་དང་། ཁུལ་བོད་སྐད་ཡིག་བྱ་བའི་གཞུང་སྒྲུབ་ཁང་གི་བློ་མཐུན་རྣམས་དང་ཡོངས་འཛིན་འཚོལ་བཤེར་ནུས་རྩལ་མཉམ་ལས་ཕྱོགས་ཀྱི་ཆེད་མཁས་པ་རྣམས་དང་ལག་རྩལ་མི་སྣས་དུས་སྐབས་དང་པོའི་འཛུགས་སྐྲུན་ཁྲོད་གཉིད་ཆག་ཟས་བརྗེད་ཀྱིས་བརྩོན་པ་ཆེན་པོ་བསྐྱེད་ཡོད་པ་དང་། དུས་སྐབས་གཉིས་པའི་འཛུགས་སྐྲུན་ཁྲོད་ཀྱང་སྔར་བཞིན་བརྩོན་པ་ལྷུར་ལེན་སྒོས་ཡོངས་འཛིན་བོད་ཡིག་འཚོལ་བཤེར་མ་ལག་འཛུགས་སྐྲུན་འདི་འཛམ་གླིང་ན་ཆེས་ཕུལ་དུ་བྱུང་བའི་འཚོལ་བཤེར་མ་ལག་ཞིག་ཏུ་འགྱུར་བར་སྨོན།
     ཡོངས་འཛིན་བོད་ཡིག་འཚོལ་བཤེར་མ་ལག་གི་དུས་སྐབས་གཉིས་པའི་འཛུགས་སྐྲུན་བྱ་བར་ཝང་ཅན་མིན་གྱིས་དགོངས་ཚུལ་གསུམ་བཏོན་པ་སྟེ། གཅིག་ནས་ལས་རིགས་བྱ་བར་བྱས་རྗེས་གསར་བ་ཡོད་དགོས་པ། གཉིས་ནས་ཡོངས་འཛིན་བོད་ཡིག་འཚོལ་བཤེར་མ་ལག་གི་སྤྱོད་ནུས་གསར་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་དགོས་པ། གསུམ་ནས་མཉམ་ལས་ལ་ཤུགས་བསྣན་ཏེ་བོད་ཡིག་འཚོལ་བཤེར་མ་ལག་གི་ཞིབ་འཇུག་སྔོག་འདོན་ལ་རྣམ་པ་གསར་བ་བཏོད་དགོས་པ།
     ཡོངས་འཛིན་བོད་ཡིག་འཚོལ་བཤེར་མ་ལག་གི་དུས་སྐབས་དང་པོའི་འཛུགས་སྐྲུན་དེ་མཉམ་ལས་ལས་ཁུངས་ཕྱོགས་གསུམ་གྱི་བརྩོན་པའི་འོག་ལེགས་འགྲུབ་བྱུང་ཞིང་། མིག་སྔར་ནུབ་བྱང་མི་རིགས་སློབ་ཆེན་གྱིས་འགན་བླངས་པའི་བོད་ཡིག་མིང་མཚམས་དབྱེ་འབྱེད་མ་ལག་གི་ཞིབ་འཇུག་སྔོག་འདོན་དེ་སྤྱིའི་འགན་ནུས་ལས70%ལེགས་འགྲུབ་བྱུང་ལ། ཚོད་ལྟ་བྱས་པར་བརྒྱུད་ཕན་འབྲས་ལེགས་པོ་ལྡན། པེ་ཅིང་ཞཱན་ཏཱན་ཀུང་ཟིས་འགན་བླངས་པའི་བོད་ཡིག་འཚོལ་བཤེར་མ་ལག་གི་སྟེགས་བུའི་སྒྲིག་བཀོད་འཛུགས་སྐྲུན་བྱ་བར་དགོས་མཁོ་དབྱེ་ཞིབ་དང་། ཇུས་འགོད། སྔོག་འདོན། ལག་བསྟར། ཁྱབ་སྤེལ་རྒྱབ་སྐྱོར་བྱ་བ་སོགས་སྤྱིའི་འགན་ནུས་ཀྱི55%ལེགས་འགྲུབ་བྱུང་། ནང་ཁུལ་ཚོད་ལྟའི་སྐབས་སུ། མ་ལག་འདིའི་བོད་ཡིག་འཚོལ་བཤེར་གྱི་ཡང་དག་པའི་ངོས་འཛིན་ཚད95%ལ་སླེབས། མཚོ་ལྷོ་ཁུལ་བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་ལྟེ་གནས་ཀྱིས་རྩ་འཛུགས་བྱས་ཏེ་སྤེལ་བའི་བོད་ཡིག་གྲངས་མཛོད་འཛུགས་སྐྲུན་བྱ་བར་རིག་མཛོད་དུ་ཐ་སྙད་རིགས25དང་ཐ་སྙད་ཁྲི12.7ལྷག་གཏག་པ་དང་ཡིག་འབྲུ་ཁྲི1197.7ལ་སླེབས། ཡིག་མཛོད་དུ་བོད་ཡིག་གསུང་དཔེ4000ལྷག་དང་འབྲུ་དུང་ཕྱུར2། དྲི་བ་དྲིས་ལན་དུ་ཐ་སྙད་ཁྲི15དང་ཡིག་འབྲུ་ཁྲི900ལ་སླེབས། ཡོངས་འཛིན་གྲངས་མཛོད་མཐུས་ཚང་བྱུང་རྗེས་འཛམ་གླིང་ན་ཆེས་ཆེ་བའི་བོད་ཡིག་གློག་རྡུལ་དཔེ་མཛོད་ཁང་དུ་འགྱུར་ངེས་ཤིང་། མཉམ་ལས་ཕྱོགས་གསུམ་གྱི་མཉམ་འབྲེལ་དང་ལས་གཞིའི་མ་དངུལ་བརྩོན་ལེན། མཉེན་ཆས་དང་མཁྲེག་ཆས་ལེགས་བཅོས། ཆེད་ལས་མི་སྣ་བསྡུ་ལེན། ཚོང་རའི་རྟོག་ཞིབ་སྤེལ་བ་སོགས་ཀྱི་ཐད་ཕན་ལྡན་གྱི་བྱ་བ་བསྒྲུབ་པ་དང་། འདིར་བརྟེན་ཏེ་ཡོངས་འཛིན་འཚོལ་བཤེར་མ་ལག་གི་དུས་སྐབས་དང་པོའི་འཛུགས་སྐྲུན་བྱ་བ་ལེགས་འགྲུབ་བྱུང་བ་ཁག་ཐེག་བྱེད།


འབྲེལ་ཡོད་འོས་སྦྱོར།