འབའ་རྫོང་གི་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱིས་སྐྱེལ་འགྲུལ་ཁེ་ལས་ཁ་ལོ་བའི་ཟབ་སྦྱོང་འཛིན་གྲྭ་བསྡུས་པ།

འབའ་རྫོང་གི་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱིས་སྐྱེལ་འགྲུལ་ཁེ་ལས་ཁ་ལོ་བའི་ཟབ་སྦྱོང་འཛིན་གྲྭ་བསྡུས།

འབའ་རྫོང་གི་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱིས་སྐྱེལ་འགྲུལ་ཁེ་ལས་ཁ་ལོ་བའི་ཟབ་སྦྱོང་འཛིན་གྲྭ་བསྡུས།
སྤྱི་ཟླ6པའི་ཚེས15ཉིན། དངོས་གནས་འགྲིམ་འགྲུལ་འགྲོ་ལམ་གྱི་སྒྲིག་རིམ་ལེགས་བཅོས་དང་། འགྲིམ་འགྲུལ་འགྲོ་ལམ་གྱི་བདེ་འཇགས་དོ་དམ་བྱ་བ་ལེགས་སྒྲུབ། སྐྱེལ་འགྲུལ་ཀུང་ཟིའི་འཁོར་སྐྱོད་ཀྱིས་བདེ་འཇགས་བྱ་བ་སོ་སོ་དོན་ཐོག་ཏུ་འབེབས་པར་ཁག་ཐེག་དང་། དངོས་གནས་འགྲིམ་འགྲུལ་དོན་རྐྱེན་འབྱུང་བར་སྔོན་འགོག་བྱ་བར། འབའ་རྫོང་གི་འགྲིམ་འགྲུལ་ཉེན་རྟོན་རུ་ཆེན་གྱིས་སྐྱེལ་འགྲུལ་ཁེ་ལས་དང་། གླ་གཏོང་རླངས་འཁོར་ཀུང་ཟི། སྤྱི་སྤྱོད་རླངས་འཁོར་ཁེ་ལས་བཅས་ཀྱི་སྐྱེལ་འགྲུལ་བདེ་འཇགས་ཟབ་སྦྱོང་འཛིན་གྲྭ་བསྡུས། འབའ་རྫོང་གི་སྐྱེལ་འགྲུལ་ཁེ་ལས་ཀྱི་འགན་ཁུར་བ་དང་། སྐྱེལ་འགྲུལ་རླངས་འཁོར་ཁ་ལོ་བ། གླ་གཏོང་རླངས་འཁོར་གྱི་ཁ་ལོ་བ་བཅས་སྡོམ་པས་མི70ལྷག་ཟབ་སྦྱོང་ལ་ཞུགས།
ཟབ་སྦྱོང་ཁྲོད། འབའ་རྫོང་གི་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱི་ཉེན་རྟོག་པས་ཐོག་མར་རྒྱལ་ཡོངས་ནས་ད་ལོའི་བར་དུ་བྱུང་ཟིན་པའི་འགྲིམ་འགྲུལ་དོན་རྐྱེན་ཆེན་པོའི་རིགས་ཀྱི་གནས་ཚུལ་གྱི་སྙན་ཞུ་ཕུལ་པ་དང་། མིག་སྔའི་དུས་ཚིགས་འདིའི་ཁྱད་ཆོས་དང་འབྲེལ་ཏེ་སྐྱེལ་འགྲུལ་བྱེད་དུས་འབྱུང་སླ་བའི་ངལ་དུབ་དང་རླངས་འཁོར་གྱི་མྱུར་ཚད་བརྒལ་བ། བཙན་གྱིས་རླངས་འཁོར་གཞན་ལས་བརྒལ་པ། མི་ཤོང་ཚད་ལས་བརྒལ་བ་བཅས་འགྲིམ་འགྲུལ་ཁྲིམས་འགལ་བྱ་སྤྱོད་ཀྱི་གནོད་པ་དང་མཇུག་འབྲས་ཚབས་ཆེན། སྔོན་འགོག་བྱེད་ཐབས་བཅས་ལ་དམིགས་ནས་འགྲེལ་བཤད་བྱས།
དྲིལ་སྒྲོག་ཉེན་རྟོག་པས་ད་ལོའི་སྐྱེལ་འགྲུལ་འགྲོ་ལམ་བདེ་འཇགས་ལོའི་བྱ་འགུལ་སྤེལ་བ་དང་འབྲེལ་ཏེ་ཁ་ལོ་བ་རྣམས་ལ་ཟབ་སྦྱོང་བསྡུས་པ་དང་། དེ་མིན་རེ་བ་བཏོན་ཏེ། གཅིག་ནས་ཁེ་ལས་ཀྱིས་ངེས་པར་དུ་མིག་སྔའི་བདེ་འཇགས་གནས་བབ་རྟོག་དགོས་པ་དང་། རླངས་འཁོར་ལ་ལྟ་སྐུལ་དང་དོ་དམ་བྱ་བའི་ནུས་ཤུགས་ཇེ་ཆེར་བཏང་སྟེ་བདེ་འཇགས་བྱ་བ་མུ་མཐུད་དུ་ལེགས་པོར་སྒྲུབ་དགོས་པ། གཉིས་ནས་ཁ་ལོ་བའི་བདེ་འཇགས་འདུ་ཤེས་ནན་བཟུང་བྱས་ཏེ་ཁ་ལོ་བའི་བདེ་འཇགས་སློབ་གསོའི་ཟབ་སྦྱོང་ཐད་ལ་ཤུགས་སྣོན་པ་དང་། དོན་རྐྱེན་གྱོད་དོན་སློབ་གཞི་བྱས་ནས་དུས་རྟག་ཏུ་རང་ལ་དྲན་སྐུལ་བྱེད་རྒྱུ་དང་། དང་ཐོག་ནས་འགྲིམ་འགྲུལ་བདེ་འཇགས་སློབ་གསོ་དང་དོན་རྐྱེན་སྔོན་འགོག་བྱ་བ་ལག་བསྟར་བྱེད་དགོས་པ། གསུམ་ནས་སྐྱེལ་འགྲུལ་རླངས་འཁོར་ལ་ཞིབ་བཤེར་དང་བེད་མེད་ཟུར་བཞག བདེ་འཇགས་ལག་རྩལ་གྱི་གནས་ཚུལ་དང་བདེ་འཇགས་སྒྲིག་ཆས་ཆ་ཚང་ཡིན་མིན་བཅས་ཀྱི་གནས་ཚུལ་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་ཐེངས་ཤིག་བྱས་ཏེ་རླངས་འཁོར་སྐྱོན་ཅན་དང་བདེ་འཇགས་སྒྲིག་ཆས་ཆ་ཚང་མིན་པའི་སྐྱེལ་འགྲུལ་རླངས་འཁོར་ལམ་ལ་ཞུགས་པར་བཀག་འགོག་བྱེད་དགོས་པ། བཞི་ནས་བདེ་འཇགས་བྱ་བའི་འགན་ཁུར་བས་སྐྱེལ་འགྲུལ་ཁ་ལོ་བ་རེ་རེ་དང་མཉམ་དུ་ཁ་བརྡ་དང་བསམ་བློ་བརྗེ་རེས་བྱས་ཏེ་ཁ་ལོ་བ་རྣམས་ལ་བདེ་འཇགས་བྱ་བ་བསྟར་དུ་འཇུག་དགོས་པ། ལྔ་ནས་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་ལ་རམ་འདེགས་བྱས་ཏེ་སྐྱེལ་འགྲུལ་ས་ཚིགས་ནས་སྐྱེལ་འགྲུལ་རླངས་འཁོར་དོན་རྐྱེན་སྔོན་འགོག་བརྗོད་བྱ་བྱས་ཏེ་དྲིལ་སྒྲོག་སྦྱར་ཡིག་དང་འཕྲེད་འགེལ་བྱང་བུ། དྲིལ་སྒྲོག་བྱང་བུ་འགྲེམ་སྟོན། དྲིལ་སྒྲོག་འོད་སྡེར་གཏོང་བ་བཅས་བྱས་ཏེ་འགྲིམ་འགྲུལ་བདེ་འཇགས་དྲིལ་སྒྲོག་བྱེད་དགོས་པའི་རེ་བ་བཏོན།
སྐྱེལ་འགྲུལ་ཁེ་ལས་ཀྱི་འགན་ཁུར་བ་རྣམས་ཀྱིས་བཤད་རྒྱུར། མིའི་ཤོང་ཚད་ལས་བརྒལ་བ་དང་། རླངས་འཁོར་གྱི་མྱུར་ཚད་བརྒལ་བ། ཁ་ལོ་བ་ངལ་དུབ་བྱུང་བ་བཅས་ནི་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་ལ་འགན་མི་ཁུར་བའི་རྣམ་འགྱུར་ཡིན་པ་དང་། དུས་ཐོག་ཏུ་འགྲིམ་འགྲུལ་ཉེན་རྟོག་སྡེ་ཁག་གི་བཀོད་སྒྲིག་བྱས་པའི་བྱ་བ་སྒྲུབ་རྒྱུ་དང་། ཕྱོགས་ཡོངས་ནས་བདེ་འཇགས་དོ་དམ་འགན་འཁྲི་ལག་བསྟར་བྱས་ཏེ་རླངས་འཁོར་འགྲོ་ལམ་བདེ་འཇགས་ལ་ཁག་ཐེག་བྱེད་དགོས།
