ཁོར་སྲུང་སློབ་གསོའི་ཤེས་བྱ་དང་ཨེ་འགོག་ཤེས་བྱ་དྲིལ་སྒྲོག་བྱ་འགུལ་སྤེལ་བ།

ཁོར་སྲུང་དང་ཨེ་འགོག་གི་ཤེས་བྱ་དྲིལ་སྒྲོག་བྱེད་པ།
སྤྱི་ཟླ6པའི་ཚེས5ཉིན། འཛམ་གླིང་ཁོར་ཡུག་སྲུང་སྐྱོབ་ཀྱི་ཉིན་མོ་འདིར་རྨ་ཡུལ་བོད་ཀྱི་སྐྱེ་ཁམས་རིག་གནས་དང་ཁམས་གསོ་བདེ་སྲུང་མཐུན་ཚོགས་དང་མགོ་ལོག་ཁུལ་ཁོར་སྲུང་དང་ཆུ་བེད་ལས་ཁུངས་གཉིས་ཀྱིས་མཉམ་འབྲེལ་སྒོས་ཁོར་སྲུང་སློབ་གསོའི་ཤེས་བྱ་དང་ཨེ་འགོག་ཤེས་བྱ་དྲིལ་སྒྲོག་བྱེད་པའི་བྱ་འགུལ་མགོ་ལོག་ཁུལ་རྟ་བོ་གྲོང་རྡལ་གྱི་གེ་སར་ཐང་ཆེན་ནས་སྤེལ་བ།
རྨ་ཡུལ་བོད་ཀྱི་སྐྱེ་ཁམས་རིག་གནས་དང་ཁམས་གསོ་བདེ་སྲུང་མཐུན་ཚོགས་ནི་སྤྱི་ལོ2005ལོར་གསར་འཛུགས་བྱས་ཤིང2008ལོར་སྲིད་གཞུང་གིས་དངོས་སུ་ཆོག་མཆན་ཐོབ་པ་ཡིན་ལ་ད་ལྟའི་བར་ལོ10ལྷག་འགོར་ཡོད་ལ། ལོ་དེ་དག་གི་རིང་ལ་ཚོགས་པ་འདིས་གཙོ་བོ་མདོ་དབུས་མདོ་སྒང་གི་སྐྱེ་ཁམས་ཉམས་ཉེས་སུ་འགྲོ་དང་འགྲོ་མུས་སུ་ཡོད་པའི་གནས་ཚུལ་ལ་དམིགས་ཏེ་བྱ་འགུལ་རབས་དང་རིམ་པ་སྤེལ་བས་ས་གནས་མང་ཚོགས་ཀྱི་ཁོར་སྲུང་བསམ་བློའི་འདུ་ཤེས་མཐོར་འདེགས་སུ་གཏོང་བར་ནུས་པ་ཆེན་པོ་ཐོན།

ཁོར་སྲུང་དང་ཨེ་འགོག་གི་ཤེས་བྱ་དྲིལ་སྒྲོག་བྱེད་པ།
སྒོས་སུ2011ལོརFFIའབྲོག་སའི་རྩྭ་དང་མཉམ་འབྲེལ་སྒོས་མ་ཡུམ་རྩྭ་ཐང་གི་འབོད་སྐུལ་ཞེས་པའི་ཁོར་སྲུང་ཟེར་སྡེར་ཞིག་པར་བསྐྲུན་བྱས་པ་དེས་འབྲོག་པ་མང་ཚོགས་ལ་ཁོར་ཡུག་སྲུང་སྐྱོབ་ཐད་ནས་སྐུལ་འདེད་ཀྱི་ནུས་པ་བླ་ལྷག་ཅིག་ཐོན་ཡོད། ད་དུང་ཁོར་སྲུང་གི་ཆེད་དེབ《རྨ་རྒྱལ་གངས་ཐིགས》སོགས་དཔར་སྐྲུན་བྱས་ཏེ་ཁོར་སྲུང་གི་སྣ་མང་རང་བཞིན་གྱི་ཤེས་བྱ་དྲིལ་བསྒྲགས་བྱས་པར་མ་ཟད་ཟམ་པ་ཐེབས་རྩ་ཚོགས་པ་དང་མཉམ་འབྲེལ་བྱས་ཏེ་ལོ་རེ་རེར་ཁམས་གསོ་བདེ་སྲུང་གི་ཐད་ནས་རྐང་རྗེན་སྨན་པའི་གསོ་སྦྱོང་འཛིན་གྲྭ་བསྒྲུབ་པ་དང་དཀའ་ཁག་ཅན་གྱི་སློབ་མར་སློབ་དངུལ་གྱི་ཐད་རོགས་སྐྱོར་བྱས་པ་སོགས་ས་གནས་མང་ཚོགས་ལ་ཞབས་ཞུ་གང་ལེགས་རེ་བསྒྲུབས་པས་ས་གནས་མང་ཚོགས་ཀྱིས་བསྟོད་བསྔགས་མི་ཉུང་བ་ཐོབ་པ་མ་ཟད་གདེང་འཇོག་ཀྱང་ཚད་མཐོན་པོ་བྱེད་བཞིན་ཡོད།
ཐེངས་འདིར་ཡང་མགོ་ལོག་ས་ཆའི་སྐྱེ་ཁམས་དོ་མཉམ་མ་ཡིན་པ་དང་མང་ཚོགས་ལ་ཁོར་སྲུང་གི་འདུ་ཤེས་ཞན་པར་དམིགས་ཏེ་འཛམ་གླིང་ཁོར་སྲུང་གི་བརྗོད་བྱ་གཙོ་བོ་རྒྱུན་བསྲིང་ནུས་པའི་འཚོ་སྟངས་ཡར་ལྡན་དུ་སྐུལ་བ་དང་ཀྲུང་གོའི་བརྗོད་བྱ་གཙོ་བོ་ལྗང་མདོག་གི་འཚོ་བ་མངོན་དུ་བསྟར་བ། དེ་མིན་མཐུན་ཚོགས་འདིའི་བརྗོད་བྱ་གཙོ་བོ་ཚེ་སྲོག་གིས་མ་འོངས་པར་ལམ་བུ་བསྐྲུན་ཞེས་པ་སོགས་གཙོ་བོར་བཟུང་སྟེ་སྐྱེ་ཁམས་མ་ལག་དོ་མཉམ་མིན་པའི་གནས་ཚུལ་དེ་ཇི་ལྟར་བྱུང་ཚུལ་དང་དེའི་སྐོར་གྱི་ཞིབ་འཇུག་གྲུབ་འབྲས་སྣ་ཚོགས་དང་ཇི་ལྟར་ཁོར་ཡུག་སྲུང་སྐྱོབ་བྱ་ཐབས་སྐོར་གྱི་ཤེས་བྱ་སྣ་ཚོགས་བསྡོམས་པས་དྲིལ་བསྒྲགས་ཤོག་ལྷེ1800ལྷག་དང་གཙང་ཁུག400ལྷག ཁོར་སྲུང་བརྗོད་བྱའི་འཐེན་རས6དང་འགྲེམ་བྱང18བཅས་དང་། ཨེ་ཛི་ནད་རིགས་ཇི་ལྟར་བྱུང་ཚུལ་སྐོར་གྱི་ཤེས་བྱ་དང་ཨེ་ཛི་ནད་རིགས་སྔོན་འགོག་ཐད་ཀྱི་ཁ་ཚ་དགོས་གཏུགས་ཀྱི་ཤེས་བྱ་སྣ་ཚོགས་སོགས་དྲིལ་བསྒྲགས་ཤོག་ལྷེ1000ཡས་མས་ཤིག་མང་ཚོགས་ཁྲོད་དུ་འགྲེམ་སྤེལ་དང་མཁོ་སྤྲོད་བྱས་པ་ཡིན།
སྐྱེ་དངོས་སྣ་ཚོགས་དང་རི་སྐྱེས་སྲོག་ཆགས་ནི་སྐྱེ་ཁམས་མ་ལག་གི་གྲུབ་ཆ་གཙོ་བོ་ཡིན་པ་དང་སྐྱེ་དངོས་སྣ་ཚོགས་དང་རི་སྐྱེས་སྲོག་སྲུང་སྐྱོབ་བྱེད་པ་ནི་མདོར་ན་རང་ཉིད་སྲུང་སྐྱོབ་བྱེད་པ་དང་གཅིག་མཚུངས་ཡིན་ཚུལ་ཀྱིས་འབོད་སྐུལ་བཏང་བ་དང་། ད་དུང་རྩྭ་ས་སྲུང་སྐྱོབ་ནི་མིའི་རིགས་ཡུན་རིང་དུ་གནས་ཐུབ་མིན་གྱི་གཞི་རྩ་ཡིན་པ་སོགས་ཁོར་སྲུང་གི་གལ་ཆེན་རང་བཞིན་དང་དགོས་མཁོ་རང་བཞིན་སོགས་དྲིལ་བསྒྲགས་བྱས་ཐོག་འཛམ་གླིང་ན་སྙིང་རྩ་འདར་བཞིན་པའི་ཨེ་ཛི་ནད་སྔོན་འགོག་བྱ་བའི་དྲིལ་བསྒྲགས་ཡིག་ཆ་སོགས་འདོན་སྤྲོད་བྱས། བྱ་འགུལ་འདིར་ཞུགས་མཁན་གྱི་མི་གྲངས་ཡང500ཡས་མས་སུ་ཐོན།
