ཟུར་མང་ཕ་ཁྱིམ་གཅེས་སྐྱོང་ཚོགས་པས་ཁོར་སྲུང་ཉིན་མོ་དྲན་གསོ་བྱེད་པ།

སྤྱི་ཟླ6པའི་ཚེས5ཉིན། ཡུལ་ཤུལ་ནང་ཆེན་ཟུར་མང་ཕ་ཁྱིམ་གཅེས་སྐྱོང་ཚོགས་པས་ཟུར་མང་དགོན་ཆེན་ནས་འཛམ་གླིང་ཁོར་ཡུག་གི་ཉིན་མོ་དྲན་གསོ་དང་སྲུང་བརྩི་ཞུས། ཚོགས་པ་འདིས་ལོ་རེའི་འཛམ་གླིང་ཁོར་ཡུག་གི་ཉིན་མོའི་སྐབས་དམིགས་བསལ་དུ་ཁོར་སྲུང་དང་འབྲེལ་བའི་བྱ་འགུལ་ཆེ་ཕྲ་མང་པོ་སྤེལ་མྱོང་། ད་ལོར་ཡང་ཚོགས་པའི་ལོ་གཅིག་གི་ལས་གཞི་ལ་རྒྱལ་སྤྱིའི་རི་སྐྱེས་སྐྱེ་དངོས་སྲོག་ཆགས་སྲུང་སྐྱོང་ཚོགས་པའིFFIའབྲོག་སའི་རྩྭ་ལས་གཞིའི་མ་དངུལ་རོགས་སྐྱོར་དངོས་སུ་ཐོབ།
ད་ཐེངས་ཆེད་དུ་ཟུར་མང་དགོན་ཆེན་གྱི་སྲོལ་རྒྱུན་ཁོར་སྲུང་རིག་གནས་ཞིབ་འཇུག་དང་སྣ་མང་སྐྱེ་དངོས་སྲུང་སྐྱོབ་ལས་གཞི་སྐོར་ནས་སླར་ཡང་གྲོས་བསྡུར་བྱས། མ་ཟད་ལོ་འདིར་རི་ཆུ་རང་བྱུང་ཁོར་སྲུང་ལྟེ་གནས་ཀྱི་ལས་གཞི་མ་དངུལ་རོགས་སྐྱོར་ཡང་ཆེད་དུ་ཐོབ།

ཚོགས་པའི་ད་ལོའི་ལས་གཞིའི་ཕྱོགས་གཅིག་སྟེ་ཆུ་ཐིགས་པ་གཅིག་དང་། རྩྭ་ཉག་མ་གཅིག་ཅེས་པའི་ལས་གཞིའི་སྐོར་ནས་ཡང་དུ་ཁེ་ཕན་དང་གྲུབ་འབྲས་ཕྱོགས་ལ་གྲོས་མོལ་དང་། ཐབས་བཀོད་གང་མང་གི་ལམ་ནས་ལས་ཀ་ལེགས་འགྲུབ་ཡོང་བའི་ཕྱིར་དུ་ཕྱོགས་ཀུན་ནས་ནུས་པ་མཐོར་འདེགས་སུ་གཏོང་བཞིན་ཡོད།
མ་ཟད་ཚོགས་པའི་མི་སྣ་དག་གིས་ད་ལོ་དང་མ་འོངས་པའི་ཁོར་སྲུང་གི་བྱ་བའི་སྐོར་ལ་བསམ་ཆར་བསྡུ་ལེན་དང་། དོན་དངོས་ཐོག་གི་ལས་ཀའི་རིམ་པ་དག་ལ་ཕན་འབྲས་འབྱུང་བའི་ཐབས་ལམ་དང་ནུས་པ་འཚོལ་བཞིན་པ་མ་ཟད། བསྒྲུབས་དང་བསྒྲུབ་འགྱུར་གྱི་ལས་གཞི་དག་ཕུན་སུམ་ཚོགས་པ་འགྲུབ་པའི་ཕྱིར་དུ་དཀའ་ངལ་གདོང་ལེན་དང་། ལས་ཀར་འབད་བརྩོན་ཅི་ནུས་བྱེད་པའི་འཆར་གཞི་དང་བཀོད་སྒྲིག་གང་འཚམས་བྱས་ཏེ་ད་ཐེངས་ཀྱི་ཚོགས་འདུ་མཇུག་བསྡུས།
ཚོགས་པ་འདིར་རོགས་སྐྱོར་དངོས་སུ་གནང་བཞིན་པའི་ཚོགས་པ་སོ་སོ་དང་། གཞན་རྒྱབ་སྐྱོར་གནང་མཁན་གྱི་སྤྱི་སྒེར་ཡོངས་ལ་བཀའ་དྲིན་ཞུ་བ་དང་། མ་འོངས་པར་མུ་མཐུད་དུ་རྒྱབ་སྐྱོར་གནང་རོགས་ཞེས་སྙིང་ཐག་པ་ནས་འབོད་སྐུལ་ཞུ།
