logo

FFIའབྲོག་སའི་རྩྭ་རང་བྱུང་གནས་མཆོག་སྐྱེ་དངོས་སྣ་མང་ཅན་རྟོག་ཞིབ་ཟབ་སྦྱོང་སྤེལ་བ།

རྩོམ་པ་པོ།:ངག་དབང་། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-05-25 ཀློག་གྲངས།:
     འདིར་རང་བྱུང་གནས་མཆོག(Sacred Natural Sites, 圣境) ཞེས་པ་ནི་ཆོས་ལུགས་དད་མོས་དང་ས་གནས་སྲོལ་རྒྱུན་གྱིས་སྲུང་སྐྱོབ་བྱས་ཡོད་པའི་རང་བྱུང་གི་གནས་དག་ལ་གོ  འཛམ་གླིང་གི་རྒྱལ་ཁབ་མང་པོ་ན་དེ་ཡི་རྣམ་པ་མང་པོ་ཡོད་དེ། བོད་ཁུལ་ལྟ་བུ་ལ་མཚོན་ན་གནས་རི་དང་། བླ་རི། ལབ་རྩེ། བླ་མཚོ། དགོན་པའི་མདུན་རི་དང་རྒྱབ་རི་ལ་སོགས་མང་པོ་ཡོད། ལོ་ངོ་བརྒྱ་ཕྲག་མང་པོའི་རིང(ལ་ལ་ལོ་ངོ་སྟོང་ཕྲག་འགོར་ཡོད་པའང་ཡོད)གནས་མཆོག་འདི་དག་ལ་ས་གནས་མང་ཚོགས་ཀྱིས་སྲུང་སྐྱོང་བྱས་ཡོད་པར་བརྟེན་རྩི་ཤིང་གི་རིགས་དང་སྲོག་ཆགས་ཀྱི་རིགས་མང་པོ་གནས་འདིར་འཚོ་སྡོད་བྱས་འདུག འཛམ་གླིང་གི་སྐྱེ་ཁམས་མཁས་པ་མང་པོས་རང་བྱུང་གནས་མཆོག་ནི་འཛམ་གླིང་སྟེང་ལོ་རྒྱུས་ཆེས་རིང་པའི་རང་བྱུང་སྲུང་སྐྱོང་ས་ཁུལ(自然保护区)ཡིན་ཞེས་བརྗོད་བཞིན་འདུག
     དེང་སྐབས་བོད་ཁུལ་གྱི་རང་བྱུང་གནས་མཆོག་མང་པོ་ཞིག་ལ་སྔར་མེད་གྱི་གནད་དོན་མང་པོ་ཞིག་བྱུང་དང་འབྱུང་བཞིན་ཡོད་པ་དང་། དཔེར་ན། གཏེར་རྐོ་བ། ཡུལ་སྐོར་ལས་རིགས། དབྱར་རྩྭ་རྐོ་བ་ལ་སོགས་ཕྱི་དང་ནང་གི་ཤུགས་རྐྱེན་མང་པོ་ཐེབས་བཞིན་འདུག  དེ་བས་འབྲོག་སའི་རྩྭ་ཡིས་རང་བྱུང་གནས་མཆོག་སྐྱེ་དངོས་སྣ་མང་ཅན་རྟོག་ཞིབ་དང་སྲུང་སྐྱོང་གི་ལས་འདི་ད་ལོའི་ལས་ཀ་གཙོ་བོའི་གྲས་སུ་བཞག་ཡོད་པ་དང་།  ཟབ་སྦྱོང་འདི་ནིFFIའབྲོག་སའི་རྩྭ2015ལོའི་རང་བྱུང་གནས་མཆོག་སྐྱེ་དངོས་སྣ་མང་ཅན་རྟོག་ཞིབ་ལས་གཞིའི་བྱ་འགུལ་གྱི་གྲས་ཤིག་ཡིན། དེ་ནི་གཙོ་བོGPSབཀོལ་སྦྱོད་དང་གནས་ཐིག་རྟོག་ཞིབ་བྱེད་ཐབས་སོགས་སྤྱད་དེ་རང་བྱུང་གནས་མཆོག་སྟེང་གི་སྐྱེ་དངོས་སྣ་མང་ཅན་གྱི་རིགས་དང་ཁྱབ་ཁོངས། གནས་བབས་བཅས་ཀྱི་ཡིག་ཆ་ཇི་ལྟར་བསྡུ་ལེན་བྱེད་སྟངས་ཀྱི་སྐོར་ཡིན།
     2015ལོའི་ཟླ5པའི་ཚེས17ཉིན། ཡུལ་ཤུལ་དང་མགོ་ལོག་ནས་ཡོང་པའི་མི20ཟབ་སྦྱོང་འདིའི་ནང་དུ་ཞུགས་པ་དང་། ཆེད་མཁས་དགེ་རྒན་གཉིས་ཀྱིས་སློབ་ཁྲིད་འོག་འབྲེལ་ཡོད་གྱི་ནང་དོན་དག་སློབ་མ་རྣམས་ལ་རིག་གཞུང་དང་ལག་ལེན་གཉིས་བརྒྱུད་ནས་ཤེས་སུ་བཅུག་པ་དང་། སློབ་ཁྲིད་འདིའི་རྗེས་ནས་སློབ་མ་ཚོས་རང་ས་གནས་ནས་རྟོག་ཞིབ་མཛད་རྒྱུ་ཡིན་ལ། རང་སོ་སོའི་ལས་གཞིའི་ནང་དོན་ལྟར་ཡིག་ཆ་དག་བསྡུ་ལེན་བྱས་རྗེས་འབྲོག་སའི་རྩྭ་འགན་ཁུར་པས་ཚོགས་པ་རེ་རེ་ལ་རོགས་རམ་གནང་སྟེ་ཡིག་ཆ་དག་དབྱེ་ཞིབ་དང་མཇུག་བསྡུ་རོགས་བྱེད་རྒྱུ་ཡིན་པར་མ་ཟད། དེ་དག་བཀོལ་ནས་རང་བྱུང་གནས་རི་དང་དེའི་སྟེང་གི་སྣ་མང་སྐྱེ་ཁམས་ཀྱི་ཁྱབ་ཁུངས་ས་ཁྲ་ལས་རྒྱུ་ཡིན།
      མཐར་ས་གནས་ཚོགས་པ་ཚོས་འདི་དག་བཀོལ་ནས་རང་བྱུང་གནས་རི་དང་དེའི་སྣ་མང་སྐྱེ་དངོས་སྲུང་སྐྱོང་བྱེད་པར་བརྩོན་རྒྱུ་ཡིན་ལ་དེ་ནི་ང་ཚོའི་དམིགས་འབེན་ཀྱང་ཡིན། ད་དུང་འབྲེལ་ཡོད་གྱི་ནང་དོནGPSཡི་བཀོལ་སྤྱོད་བྱེད་སྟངས་སོགས་བོད་སྐད་དང་རྒྱ་སྐད་གྱི་ལམ་ནས་བརྙན་ལ་ཕབ་ཏེ་དྲ་ངོས་སོགས་ནས་ཁྱབ་སྤེལ་བྱེད་རྒྱུ་ཡིན།


འབྲེལ་ཡོད་འོས་སྦྱོར།