logo

བོད་ལྗོངས་ཆོས་འབྱོར་གནའ་བོའི་དམག་ཆས་བཤམས་སྟོན་ཁང་བཙུགས་ཏེ་རིན་མེད་སྒོས་སྒོ་ཕྱེས་པ།

རྩོམ་པ་པོ།:ལྷ་མོ་ཚེ་སྐྱིད། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-04-20 ཀློག་གྲངས།:
     ཉེ་སྔོན། བོད་ལྗོངས་ཆོས་འབྱོར་གནའ་བོའི་དམག་ཆས་བཤམས་སྟོན་ཁང་བཙུགས་ཏེ་དངོས་སུ་སྒོ་ཕྱེ་ཞིང་། འདི་ནི་བོད་ལྗོངས་ཀྱི་དམངས་ཁྲོད་བཤམས་སྟོན་ཁང་ཐོག་མ་ཡིན་པ་དང་། དེར་བོད་རིགས་དང་རྒྱ་རིགས། མན་ཇུའི་རིགས། སོག་རིགས་སོགས་མི་རིགས་ཀྱི་ཁྱད་ཆོས་ལྡན་ལ། བོད་ཀྱི་ཐོན་རྫས་ནི་ཕལ་ཆེར་བོད་ཀྱི་ལོ་རྒྱུས་དུས་རིམ་སོ་སོར་ཁེབས་ཡོད།
     བོད་རང་སྐྱོང་ལྗོངས་རིག་དངོས་ཅུའི་འགོ་གཙོ་བཟང་བོ་ཡིས་བཤད་རྒྱུར། བོད་ལྗོངས་ཀྱིས་ནུས་ཤུགས་ཡོད་རྒུས་དམངས་ཁྲོད་བཤམས་སྟོན་ཁང་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་ཅིང་། རྒྱུས་ལོན་པ་ལྟར་ན། བཤམས་སྟོན་ཁང་འདི་ནི་བོད་ལྗོངས་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་དུ་ཆགས་ཡོད་པ་དང་། སྤྱིའི་མ་དངུལ་སྒོར་ཁྲི500བཏང་ལ། སྤྱིའི་ས་ངོས་རྒྱ་ཁྱོན་མུའུ18། འཛུགས་སྐྲུན་རྒྱ་ཁྱོན་སྨི་གྲུ་བཞི་མ1500ཡིན།
     རྒྱུས་ལོན་པ་ལྟར་ན། ཆོས་འབྱོར་གནའ་བོའི་དམག་ཆས་བཤམས་སྟོན་ཁང་གི་བོད་ཀྱི་ཐོན་རྫས་དག་ནི་གཙོ་ཆེར་བོད་རིགས་དམངས་ཁྲོད་རིག་དངོས་བསྡུ་ཉར་མཁན་ཆོས་འབྱོར་གྱི་ལག་ཏུ་ཐོན་ལ། ཉེ་བའི་ལོ་སུམ་ཅུའི་ནང་། ཁོས་དམངས་ཁྲོད་རིག་དངོས་གལ་ཆེན་ཁྲི་ལྷག་ཉར་ཞིང་། དེར་གནའ་བོའི་དམག་ཆས་དང་། རྟ་སྒ། དར་སི་ཐོན་རྫས། ཁྱིམ་ཆས། རྫ་ཆས། རྡོ་ཆས། ཤིང་ཆས། དེ་མིན་གནའ་དཔེ་དཔྱད་ཡིག་སོགས་འདུས།
      མིག་སྔར། ཆོས་འབྱོར་གནའ་བོའི་དམག་ཆས་བཤམས་སྟོན་ཁང་གི་རིག་དངོས་ཉར་རྫས་རྣམས་ལ་བོད་ལྗོངས་རིག་དངོས་ཞིབ་བཤེར་ཆེད་མཁས་པའི་རྩ་འཛུགས་ཀྱིས་དཔྱད་འབེབས་བྱས་པ་མ་ཟད་དཔང་ཡིག་ཀྱང་གནང་བ་དང་། རྒྱལ་ཁབ་ཕྱི་ནང་གི་སྐུ་མགྲོན་རྣམས་ཀྱིས་རིན་མེད་སྒོས་གཟིགས་ཞིབ་བྱས་ཆོག་པ་རེད།


འབྲེལ་ཡོད་འོས་སྦྱོར།