logo

བོད་རིགས་བུ་མོ་ཆོས་སྐྱིད་སྒྲོལ་མ་ཨེ་ཤ་ཡ་གླིང་གི་ན་ཆུང་མཆོངས་རྒྱུག་འགྲན་སྡུར་ཁྲོད་ཞུགས་རྒྱུ་རེད།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་གསར་འགྱུར་དྲ་བ། དུས་ཚོད།:2015-04-03 ཀློག་གྲངས།:
     ཟླ4བའི་ཚེས2ཉིན། མཚོ་སྔོན་ཞིང་ཆེན་ལུས་རྩལ་ལས་རིགས་ལག་རྩལ་སློབ་གྲྭ་ནས་ཤེས་གསལ་བྱུང་བ་ལྟར་ན། མིག་སྔར། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུའུ་མཆོངས་རྒྱུག་དོ་དམ་ལྟེ་གནས་ན་ཆུང་སྡེ་ཁག་གི་རེ་བཅོལ་ལྟར། མཚོ་སྔོན་ཞིང་ཆེན་ལུས་རྩལ་སློབ་གྲྭའི་བོད་རིགས་ལུས་རྩལ་པ་ཆོས་སྐྱིད་སྒྲོལ་མ་རང་རྒྱལ་གྱི་ཚབ་བྱས་ཏེ2015ལོའི་ཟླ5བའི་ནང་ཁྭ་ཐ་ཨར་ནས་བསྡུ་འཆར་ཡོད་པའི་ཨེ་ཤ་ཡ་གླིང་གི་ན་ཆུང་མཆོངས་རྒྱུག་འགྲན་སྡུར་ཁྲོད་ཞུགས་དགོས་པའི་ཆོག་མཆན་བཀོད།
     ཆོས་སྐྱིད་སྒྲོལ་མ་ནི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་རྨ་ཆེན་རྫོང་རྟ་བོར་གྲོང་རྡལ་ནས་འཚར་ལོངས་བྱུང་བའི་བོད་རིགས་བུ་མོ་ཞིག་ཡིན་ཞིང་། 2012ལོའི་ཟླ9བའི་ནང་དུ་མཚོ་སྔོན་ཞིང་ཆེན་ལུས་རྩལ་སློབ་གྲྭའི་འདུར་རྒྱུག་རུ་དཔུང་ཁྲོད་ཞུགས། ད་ལོ་ཁོ་མོ་ལོ17ལ་བུད་མ་ཐག་ཡིན་ནའང་། ལོ་ངོ་འདི་དག་གི་རིང་ལ་འགྲན་སྡུར་ཆེ་མ་ཆུང་གསུམ་གྱི་ཁྲོད་ནས་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཡོད་པས། ཁོ་མོ་ནི་མཚོ་སྔོན་གྱི་ལུས་རྩལ་པའི་སྡེ་ཡི་སྐར་ཆེན་གསར་བ་ཞིག་ཡིན། 2014ལོའི་ཟླ8པའི་ནང་དུ། མཚོ་སྔོན་ཞིང་ཆེན་སྟོད་པ་རྒྱལ་ཁབ་མཐོ་སྒང་ལུས་རྩལ་སྦྱོང་བརྡར་ལྟེ་གནས་ནས་བསྒྲུབས་པའི་སྐབས་བཞི་བའི་ལིས་ཉིན་རྟགས་མའི་མཆོངས་རྒྱུག་འགྲན་སྡུར་ཁྲོད་ཁོ་མོས་སོ་སོར་སྤྱི་ལེ་ལྔ་ཅན་དང་སྤྱི་ལེ་བཅུ་ཅན་གྱི་བྱ་དགའ་ཨང་དང་པོ་བླངས་ལ། 2014ལོའི་ཟླ9བའི་ནང་དུ། ཅི་ལིན་ཁྲང་པེ་རི་བོ་ནས་བསྡུས་པའི་རྒྱལ་ཡོངས་འདུར་རྒྱུག་འགྲན་སྡུར་ཁྲོད་བྱ་དགའ་ཨང་གསུམ་པ་བླངས། 2014ལོའི་ཟླ10བའི་ཚེས10ཉིན། སུའུ་ཀྲིག་ནས་བསྡུས་པའི་ཐའེ་བསྐོར་འགྲན་རྒྱུག་ཁྲོད་བྱ་དགའ་ཨང་དང་པོ་དང་ཨང་གཉིས་པ་བླངས། 2014ལོའི་ཟླ10བའི་ཚེས16ཉིན། སུའུ་ཀྲིག་ཝུའུ་ཀྲུང་ནས་བསྡུས་པའི2014ལོའི་རྒྱལ་ཁབ་ཨོ་ལིན་ཕུས་ཁི་ལུས་རྩལ་འགྲན་ཚོགས་ཀྱི་ཆུ་ཚད་མཐོ་བའི་འཇོན་ཐང་མི་སྣའི་འདུར་རྒྱུག་ཁྲོད་ཕུལ་བྱུང་ན་གཞོན་རྒྱུད་འཛིན་པར་བདམས།


འབྲེལ་ཡོད་འོས་སྦྱོར།