ཁྲོན་ཀན་མཚོའི་འབྲེལ་མཚམས་ཀྱི་བོད་ཁུལ་གཙང་གསུམ་སྲུང་སྐྱོང་ཁུལ་དུ་ལེན་དགོས་པའི་གྲོས་གཞི་བཏོན།
"སི་ཁྲོན་དང་ཀན་སུའུ། མཚོ་སྔོན་བཅས་འབྲེལ་མཚམས་ཀྱི་བོད་ཁུལ་ནི་གཙང་གསུམ་མགོ་ཁུངས་ཀྱི་ཁྱབ་ཁོངས་སུ་གཏོགས་པས། སྐྱེ་ཁམས་འདྲ་མཉམ་དུ་གལ་ཆེ་བས། གཙང་གསུམ་མགོ་ཁུངས་ཀྱི་སྐྱེ་ཁམས་སྲུང་སྐྱོང་ཁྱབ་ཁོངས་སུ་བླངས་ན་འགྲིག"ཅེས་ཟླ༣ པའི་ཚེས༧ཉིན་གྱི་སྔ་དྲོར། མི་རིགས་སྡེ་ཁག་མཉམ་འབྲེལ་ཚོ་ཆུང་གི་གྲོས་མོལ་ཚོགས་འདུའི་ཐོག་ཏུ། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་རྡོར་དབྱངས་ལྷ་མོས་དེ་ལྟར་བཤད།
སི་ཁྲོན་དང་ཀན་སུའུ། མཚོ་སྔོན་བཅས་འབྲེལ་མཚམས་ཀྱི་བོད་ཁུལ་ནི། སི་ཁྲོན་ཞིང་ཆེན་དང་ཀན་སུའུ་ཞིང་ཆེན། མཚོ་སྔོན་ཞིང་ཆེན་བཅས་ཀྱི་འབྲེལ་མཚམས་ས་ཁུལ་ཡིན་ལ། ཞིང་ཆེན་གསུམ་གྱི་ཁུལ་ལྔ་དང་། རྫོང་དང་གྲོང་ཁྱེར་ཉེར་དྲུག་བཅས་འདུས་ཡོད། སྤྱིའི་ས་ཁོངས་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི༢༥དང་། མི་གྲངས་ཁྲི༡༧༧ཡས་མས་ཡོད། ཐེངས་འདིའི་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་ཐོག་ཏུ། རྡོར་དབྱངས་ལྷ་མོས《སི་ཁྲོན་དང་ཀན་སུའུ་མཚོ་སྔོན་བཅས་འབྲེལ་མཚམས་ཀྱི་བོད་ཁུལ་གཅིག་གྱུར་དུ་མཐུན་སྒྲིག་ངང་འཕེལ་རྒྱས་གཏོང་བའི་སྐོར་གྱི་བསམ་འཆར》ཞེས་པ་གྲ་སྒྲིག་བྱས་ཡོད་པ་རེད།
རྡོར་དབྱངས་ལྷ་མོས"མཚེའུ་དང་བརླན་ས་ཇེ་ཆུང་དང་། སྐམ་ཐན་བྱུང་བཞིན་ཡོད་ལ། ས་ཁུལ་སྐོར་ཞིག་བྱེ་ཐང་དུ་འགྱུར་བཞིན་ཡོད་པས། རྩི་ཤིང་ཇེ་ཉུང་དང་ས་ཆུ་ཤོར་ཏེ་ཐན་པ་མང་པོ་བྱུང་བཞིན་ཡོད"ཅེས་བཤད། སི་ཁྲོན་དང་ཀན་སུའུ་མཚོ་སྔོན་བཅས་འབྲེལ་མཚམས་ཀྱི་བོད་ཁུལ་དུ་སྐྱེ་ཁམས་ཇེ་སྡུག་ཏུ་འགྱུར་བཞིན་ཡོད། དཔེར་ན། སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་གསེར་རྟ་རྫོང་ལྟ་བུར་མཚོན་ན། བྱེ་འགྱུར་དང་ཨ་བྲས་གནོད་འཚེ་ཐེབས་པའི་རྩྭ་ཐང་གི་རྒྱ་ཁྱོན་མུའུ་ཁྲི༦༥༠ཡོད། ཀན་ལྷོ་ཁུལ་གྱི་རྩྭ་ཐང་བྱེ་འགྱུར་གྱི་རྒྱ་ཁྱོན་མུའུ་ཁྲི༡༢༠༠ལྷག་ཡོད་པ་རེད།
དེའི་སྟབས་ཀྱིས་རྡོར་དབྱངས་ལྷ་མོས། རྒྱལ་ཁབ་ཀྱིས"སི་ཁྲོན་དང་ཀན་སུའུ་མཚོ་སྔོན་བཅས་འབྲེལ་མཚམས་ཀྱི་བོད་ཁུལ་གཅིག་གྱུར་འཕེལ་རྒྱས་གཏོང་བའི་ཚོད་ལྟའི་ཁུལ"བཙུགས་ཏེ། དམིགས་བསལ་གྱིས་རྒྱབ་སྐྱོར་བྱས་ནས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ཇེ་དྲག་གཏོང་དགོས་པའི་བསམ་འཆར་བཏོན། སི་ཁྲོན་དང་ཀན་སུའུ་མཚོ་སྔོན་བཅས་འབྲེལ་མཚམས་ཀྱི་བོད་ཁུལ་ནི་གཙང་གསུམ་མགོ་ཁུངས་ཀྱི་ཁྱབ་ཁོངས་སུ་གཏོགས་པས། སྐྱེ་ཁམས་གོ་གནས་འདྲ་མཉམ་ངང་གལ་ཆེན་ཡིན་སྟབས། གཙང་གསུམ་མགོ་ཁུངས་ཀྱི་སྐྱེ་ཁམས་སྲུང་སྐྱོང་ཁུལ་གྱི་ཁྱབ་ཁོངས་སུ་ལེན་དགོས་པའི་བསམ་ཚུལ་བཏོན་པ་རེད།
ཁོ་མོས་བཏོན་པའི་བསམ་འཆར་གྱི་ནང་དོན་དངོས་ནི། རྣམ་པ་སྣ་མང་ཅན་གྱི་དོ་དམ་སྒྲིག་གཞི་མ་ལག་བཙུགས་ནས། སྐྱེ་ཁམས་སྲུང་སྐྱོང་དང་འཛུགས་སྐྱོང་ཚོད་ལེན་ཇེ་ཆེར་གཏོང་བ་དང་། སྐྱེ་ཁམས་སྲུང་སྐྱོང་ཚད་ཐིག་འགོད་དགོས། ས་ཁོངས་འབྲེལ་མཚམས་ཀྱི་བོད་ཁུལ་དུ་སྐྱེ་ཁམས་ཁ་གསབ་ལམ་ལུགས་བཙུགས་ནས། སྐྱེ་ཁམས་ཐོན་ཁུངས་ཀྱི་ཐོན་སྐྱེད་བདག་དབང་ལམ་ལུགས་ལག་བསྟར་བྱེད་དགོས། ས་ཁོངས་འབྲེལ་མཚམས་ཀྱི་བོད་ཁུལ་གྱི་སྐྱེ་ཁམས་ལ་རྒྱུས་ལོན་བྱེད་པའི་རྨང་གཞིའི་ཐོག་ཏུ། ཁོར་ཡུག་ལྟ་སྐུལ་ཚོད་འཛིན་ནུས་ཚད་འཛུགས་སྐྱོང་ཇེ་དྲག་བཏང་སྟེ། རྒྱུན་མཐུད་ཐུབ་པའི་འཕེལ་རྒྱས་ཐད་ལ་རྨང་གཞི་བརྟན་པོ་འཇོག་དགོས་པ་དེ་རེད།