logo

བོད་རབ་རྒྱན་ཤིང་ལུག་ལོར་ཕུལ་བའི་ཤིས་ཚིག་སྐོར་ཅིག

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2015-02-22 ཀློག་གྲངས།:

 ལོ་གསར་གྱི་ཤིས་ཚིག་དུང་གི་སྒྲ་དབྱངས
                       ཐུབ་གཞོན།
བཀྲ་ཤིས་གསེར་གྱི་ཉི་མ་དགུང་ནས་ཚེས།།
དོན་འགྲུབ་དུང་གི་ཟླ་བ་དབྱིངས་ནས་འཛུམ།།
ཤིང་མོ་ལུག་གི་ལོ་སར་ཐད་ནས་བསུ།།
རྒྱལ་དང་རྒྱལ་སྲས་ནམ་ཡང་ཁྲི་ལོར་ཤོག།།
བཀྲ་ཤིས་གླུ་ཡི་ངག་གིས་ཚངས་སྲས་འགུག།།
དོན་འགྲུབ་བྲོ་ཡི་རྩལ་གྱིས་མིག་དབང་རྐུ། །
མཉམ་འཛོམས་དགོད་སྒྲའི་མི་སེམས་རབ་ཏུ་འཕྲོག།
གྲོགས་ན་ཟླར་གཡང་མོ་ལུག་ལོ་བསུ།།
བཀྲ་ཤིས་རྫས་ཀྱི་རྟགས་བརྒྱད་རི་ལྟར་སྤུངས།།
བདུད་རྩི་ཇ་ཆང་འོ་མའི་གསེར་སྐྱེམས་ལྟེམ།།
ལྷན་འཛོམས་དགོད་སྒྲའི་ས་ཆེན་འགེམ་པར་བྱེད།།
སྦྲ་ནག་ཁྲི་སྡེའི་ཁྱིམ་གཞིར་ལོ་གསར་བཟང་།།
བཀྲ་ཤིས་བཀྲ་ཤིས་བཀྲ་ཤིས་བདེ་ལེགས་འཇོག།།
བཀྲ་ཤིས་དང་བོ་གངས་ཅན་བོད་ལ་འཇོག།།
གངས་ཅན་བོད་ཀྱི་རྒྱལ་བསྟན་རྒྱས་པར་ཤོག།།
ཞི་བདེ་ཚད་མེད་འཕེལ་བའི་བཀྲ་ཤིས་འཇོག།།
བཀྲ་ཤིས་བཀྲ་ཤིས་བཀྲ་ཤིས་དོན་འགྲུབ་འཇོག།།
བཀྲ་ཤིས་གཉིས་པ་དྲིན་ཆེན་ཕ་མར་འཇོག།།
དྲིན་ཆེན་ཕ་མའི་སྐུ་ཚེ་བརྟན་པར་ཤོག།།
ཡབ་མེས་མཛད་འཕྲིན་རྒྱས་པའི་བཀྲ་ཤིས་འཇོག།།
བཀྲ་ཤིས་བཀྲ་ཤིས་བཀྲ་ཤིས་ཕུན་ཚོགསའཇོག།།
བཀྲ་ཤིས་གསུམ་པ་ཆོལ་གསུམ་སྤུན་ཟླར་འཇོག།།
ཆོལ་གསུམ་སྤུན་ཟླའི་འདས་མ་ད་གསུམ་གྱི།། 
འདོད་དོན་ལྷུན་འགྲུབ་ཡོང་བའི་བཀྲ་ཤིས་འཇོག།།
15/1/1ཉིན་ལོ་གསར་བའི་སྐྱ་རེངས་དང་བོ་ལ།
                 
                    གཡང་མོ་ལུག་གི་ལོ་སར་བཟང་།
                                                    སོག་མདའ།
གནམ་གྱི་འོག་གི་འཇིག་རྟེན་ཡངས་པོ་ཤིས་བརྗོད་དགེ་ལེགས་ཆར་དུ་བསྙིལ།།
ས་ཡི་ཐོག་གི་སྐྱེས་བས་འགྲོ་བ་བདེ་ལེགས་འབུམ་གྱིས་འཇའ་འོད་འཁྲུངས།།
གསར་བཞད་སྐྱ་རེངས་གནམ་ལོ་བཞད་པའི་གངས་ཅན་ཁ་བའི་ཡུལ་ལྗོངས་ལ།།
ལྷན་ཏུ་གོ་ཁ་གཅིག་ལ་འཛོམས་པའི་ཁ་གཡང་འོ་མའི་ཆབ་གྱིས་མཆོད།།

རྟེན་འབྲེལ་འགྲིག་པའི་ཐོག་མ་དེ་ལ་དཀོན་མཆོག་ལྷ་ལ་ཕྱག་གསུམ་འབུལ།།
རྟེན་འབྲེལ་འགྲིག་པའི་བར་མ་དེ་ལ་ལྷ་ཀླུ་གཉན་ལ་གསང་ཞིག་འབུལ།།
རྟེན་འབྲེལ་འགྲིག་པའི་ཞོལ་མ་དེ་ལ་གཙང་ཆབ་སྔོན་མོས་མཆོད་ཞིག་འཕེན།།
རྟེན་འབྲེལ་ཀུན་འདུས་གཡང་གི་ཪྭ་བ་དུས་གསུམ་ཀུན་ཀྱི་དཔལ་དཔར་ཤོག།

སྟོད་ཀྱི་དབུས་གཙང་ཆོས་ཀྱི་ཞིང་ལ་ཆོས་དཔལ་རྒྱས་པས་ལོ་སར་བཟང་།།
བར་ཀྱི་མདོ་ཁམས་མི་ཡི་རྒྱུད་ལ་རིགས་རྒྱུད་དར་བས་ལོ་སར་བཟང་།།
སྨད་ཀྱི་མདོ་སྨད་རྟ་ཡི་ཆོལ་ཁར་ཤེས་རིག་རྒྱས་པས་ལོ་སར་བཟང་།།
སྟོད་སྨད་བར་གྱི་ཆོལ་གསུམ་ཕུ་ནུའི་མཐུན་སྒྲིལ་དམ་པས་ལོ་སར་བཟང་།།

བཀྲ་ཤིས་བཀྲ་ཤིས་ཆོས་ཀྱི་བཀྲ་ཤིས་དཀོན་མཆོག་གསུམ་གྱིས་བཀྲ་ཤིས་ཤོག།
བཀྲ་ཤིས་བཀྲ་ཤིས་ནོར་གྱི་བཀྲ་ཤིས་ཕྱུགས་གཡང་གཏེར་གྱིས་བཀྲ་ཤིས་ཤོག།
བཀྲ་ཤིས་བཀྲ་ཤིས་མི་ཡི་བཀྲ་ཤིས་ནད་མེད་ཚེ་རིང་བཀྲ་ཤིས་ཤོག།
བཀྲ་ཤིས་བཀྲ་ཤིས་བདེ་ལེགས་ཀུན་འབྱུང་འདོད་པའི་དཔལ་གྱིས་བཀྲ་ཤིས་ཤོག།
                            ༢༠༡༥་༢་༡༧་ཉིན་རང་ཤག་ནས།


              ལོ་གསར་གྱི་ཁ་གཡང་།
                                   ཐོག་ལྕེ་ནག་པོ།
གཡང་མོ་ལུག་གི་གནམ་ལོ་གསར་ཚེས་ལ། །
གཞིས་བྱེས་གཉིས་ཀྱི་གངས་ཕྲུག་སྤུན་ཟླ་ཚོ། །
ནད་མེད་ཚེ་རིང་ཡོང་བའི་བཀྲ་ཤིས་ཤོག།།
བསམ་དོན་མྱུར་དུ་འགྲུབ་པའི་ཁ་གཡང་འབོད། །
སྔོ་ལྗང་རྩྭ་ཐང་སྟེང་གི་འབྲོག་པ་ཚོ། །
དཀར་ཆུ་འོ་མས་རྒྱ་མཚོ་འཁྱིལ་བར་ཤོག། །
ཞིང་ཐང་ཡངས་མོའི་ཀློང་གི་རོང་བ་ཚོ། །
སྔོན་མོ་ནས་ཀྱིས་བང་མཛོད་ཁེངས་བར་ཤོག།། 
སློབ་གླིང་སྐྱེད་ཚལ་འགྲིམ་པའི་སློབ་མ་ཚོ། །
རྣམ་དཔྱོད་བློ་རིག་མཁའ་ལྟར་ཡངས་བར་ཤོག།། 
གངས་ཅན་བོད་ཀྱི་སྐད་དང་ཡི་གེ་ལ། །
སླར་ཡང་གསོན་ཤུགས་རྒྱས་པའི་བཀྲ་ཤིས་ཤོག།། 
སྲོལ་རྒྱུན་བཟང་པོ་མ་ཉམ་གོང་འཕེལ་ཤོག།། 
གསར་དར་རིག་པའི་བསྟན་པ་དར་བར་ཤོག།། 
ཁ་བ་གངས་ཀྱིས་བསྐོར་བའི་ཡུལ་གྲུ་འདིར། །
ཆབ་དཔལ་རིག་གསུམ་དར་བའི་བཀྲ་ཤིས་ཤོག།།
མདོ་དབུས་ཁམས་གསུམ་གཞིས་བྱེས་གང་ཡིན་རུང་། །
མཐུན་སྒྲིལ་གསེར་ཐག་དམ་པའི་བཀྲ་ཤིས་ཤོག།།
སྐྱ་སེར་རོང་འབྲོག་རྒན་གཞོན་སུ་ཡིན་རུང་། །
རིགས་ཞེན་མེ་ལས་ཚ་བའི་བཀྲ་ཤིས་ཤོག།། 
ང་ཚོ་བོད་ཀྱི་སྲོལ་རྒྱུན་བཟང་པོ་དག།།
ཉམ་པ་མེད་པར་ཡུན་དུ་གནས་པར་ཤོག།། 
མདོར་ན་གངས་ཅན་བོད་ཀྱི་ཡུལ་གྲུ་འདིར། །
འདོད་དགུ་ཆར་དུ་སྙིལ་བའི་བཀྲ་ཤིས་ཤོག།།

        གཡང་མོ་ལུག་ལོ་བསུ།
                        དོན་འགྲུབ་རྡོ་རྗེ།
བདེ་མོ་བྱོས
འདས་སོང་གི་ལོ་ཟླ
སང་ནངས་མོའི་གནམ་ལོ་གསར་པ་བསུ
དཀའ་བ་བརྒྱ་ཕྲག་གི་ཁུར་བོ་ཁུར་ཏེ
དྲན་པ་འབུམ་ཕྲག་གི་རྨི་ལམ་བཙལ་ཏེ
དགའ་ཞོར་སྐྱོ་ཞོར
ལོ་ཟླའི་འཕྲང་རིམ་ནས་བརྒྱུད་དེ་ཡོང

མི་ཚེ་ཟེར་བའང་རྨི་ལམ་གྱི་འགྲུལ་བཞུད་ཐེངས་གཅིག་སྟེ
སོ་སོའི་རྨི་ལམ་དེའི་ཆེད་དུ
རི་མཐོ་དང་ས་གཙང་ནས་བཏུས་པའི་སྙན་ངག་རེ་རེ
ཡིད་སེམས་ཀྱི་དྲན་སྟངས་གཙང་མར་སྦྱར

བསམ་གཞིགས་ལ་སྐྱོན་ཡོན་དང
གནས་ལུགས་ཡོད་དུ་སྲིད
འཚོ་བ་ནི་གདམ་ཀ་དང
རང་གཤིས་ནི་འཚོ་བའི་ཐག་གཅོད་ཅིག

རི་ཁ་བ་ཅན་གྱི་ཞིང་ཁམས་སུ
སང་ཉིན་གྱི་གནམ་ལོ་བསུ
གཡང་མོ་ལུག་ལོ་བསུ
དམ་ཆོས་ཉི་མ་བསུ
ཤེས་རིག་ཡོན་ཏན་བསུ

སང་ནངས་མོའི་གནམ་ལོ་གསར་ཚེས་སུ
བདེ་སྐྱིད་གསར་བ་བསུ
ཡ་རབས་སྤྱོད་བཟང་བསུ
སྔོན་ཐོན་མདུན་ལམ་བསུ
འཚོ་བ་གསར་བ་བསུ
ལྷན་འཛོམ་ཉི་མ་བསུ


བཀྲ་ལ་ཤིས
གཡང་ལ་འཁོར
ཡུལ་ལ་བཀྲ་ཤིས་ཤོག
མི་ལ་ཚེ་ཐག་རིང
ཀུན་ལ་བདེ་ལེགས་ཤོག

   བཀྲ་ཤིས་སྨོན་ཚིག་མུ་ཏིག་དོ་ཤལ།
                            ནགས་རྡོ་སེང་།
བཀྲ་ཤིས་གནམ་ལོ་གསར་ཚེས་ལ།།
བཀྲ་ཤིས་ཕུན་སུམ་ཡོངས་སུ་ཚོགས།།
བཀྲ་ཤིས་གསེར་གྱི་ཉི་འོད་འོག།
བཀྲ་ཤིས་གངས་རིའི་འོད་མདངས་འཚེར།།

བཀྲ་ཤིས་ལུག་གི་ལོ་གསར་ལ།།
བཀྲ་ཤིས་ས་ཡི་དགེ་ལེགས་འཕེལ།།
བཀྲ་ཤིས་བཅུད་ཀྱི་སེམས་ཅན་རྣམས།།
བཀྲ་ཤིས་བདེ་ཞིང་སྐྱིད་པར་སྨོན།།

བཀྲ་ཤིས་ཕ་མ་སྤུན་མཆེད་རྣམས།།
བཀྲ་ཤིས་ནད་མེད་ཚེ་རིང་དང་། །
བཀྲ་ཤིས་བུ་ཚའི་བློ་རིག་བཀྲ།
བཀྲ་ཤིས་མདུན་ལམ་འོད་སྟོང་འབར།།

བཀྲ་ཤིས་བརྩེ་བའི་གྲོགས་པོ་རྣམས།།
བཀྲ་ཤིས་འཕྲིན་ལས་རབ་ཏུ་རྒྱས།།
བཀྲ་ཤིས་ཅི་བསམ་ལྷུན་གྱིས་གྲུབ།།
བཀྲ་ཤིས་གྲོགས་པོའི་མཛའ་བརྩེ་ཟབ།།

བཀྲ་ཤིས་ཁ་བའི་སྤུན་ཟླ་རྣམས།།
བཀྲ་ཤིས་རིག་པའི་དཔལ་འབར་ཞིང་། །
བཀྲ་ཤིས་རྣམ་དཔྱོད་བཟང་པོས་བརྒྱན།།
བཀྲ་ཤིས་ཡུལ་དུ་བཀྲ་ཤིས་བཞད།།

བཀྲ་ཤིས་ཁ་བ་གངས་ཀྱི་ལྗོངས།།
བཀྲ་ཤིས་ནམ་མཁའ་གཡའ་དག་ཅིང་།།
བཀྲ་ཤིས་གངས་རིའི་ཉམམས་མདངས་རྒྱས།།
བཀྲ་ཤིས་བོད་པའི་ལ་རྒྱ་བརྟན།།

བཀྲ་ཤིས་སྲོག་གི་སྐད་ཡིག་འདི།།
བཀྲ་ཤིས་རི་རབ་བཞིན་དུ་བརྟན།།
བཀྲ་ཤིས་རིག་གཞུང་དབྱར་མཚོ་རྒྱས།།
བཀྲ་ཤིས་བོད་ཀྱི་ཀླུང་རྟ་དར།།

བཀྲ་ཤིས་རྟེན་འབྲེལ་བཟང་པོའི་ཉིན།།
བཀྲ་ཤིས་གསེར་གྱི་ཁ་བཏགས་ཀྱིས།།
བཀྲ་ཤིས་ལྷག་བསམ་དཀར་པོ་ཡིས།།
བཀྲ་ཤིས་འཚམས་འདྲིའི་ཚབ་ཏུ་ཕུལ།།


ལོ་གསར་བཀྲ་ཤིས་ཁ་གཡང་།
                གཅན་རྣམ་ཐར།
ཉི་མ་སུམ་བརྒྱ་དྲུག་ཅུ།།
དེ་རིང་ཡོངས་སུ་ཚང་ཐལ།།
རིང་རྒྱུ་ཐུང་རྒྱུ་མེད་པའི།།
མི་ལོ་གཅིག་ནི་ཚར་སོང་།།

ཡུན་ཐུང་མི་ཚེ་སྐལ་བ།།
སྐྱིད་ལ་སྡུག་པའི་ངང་ནས།།
ཐོབ་ཤོར་འདྲེས་མའི་ཁྲོད་ན།།
རྒས་པའི་ལམ་དུ་སྙེག་སོང་།།

སྐྱེ་རྒ་ན་འཆི་གོ་རིམ།།
མི་བུ་ཞིག་གི་བརྒྱུད་ལམ།།
ལད་ཟློས་ལོ་ཟླ་རིང་མོ།།
མངར་སྐྱུར་ཁྲོད་ནས་ཟད་སོང་།།

ཉོན་མོངས་དུག་ལྔའི་གྲུབ་པའི།།
མི་གཙང་ལུས་གཞི་བེམ་ཤེས།།
ཆོས་དང་དངོས་པོར་ཆགས་ཏེ།།
ཀུན་རྟོག་སྒྱུ་མའི་འཁྲུལ་སོང་།།

བཙལ་ཀྱང་རྙེད་པར་དཀའ་བའི།།
འཇིག་རྟེན་འཁོར་བའི་བྱ་བཞག།།
ཡོད་ཀྱང་འཛད་པར་སླ་བའི།།
མི་རྟག་སྒྱུ་མའི་རང་གཤིས།།

འབད་པའི་བསགས་ཀྱང་ཉུང་བའི།།
རང་སྣང་འཕྲུལ་བའི་མྱོང་བ།།
ཧམ་སེམས་བདུད་མོས་བཟུང་བས།།
འདུལ་དཀའ་རང་སེམས་རྒོད་པོ།།

རང་དོན་བདག་འཛིན་ཞེན་ཆགས།།
དོར་དཀའ་མི་ཤིགས་རྡོ་རྗེ།།
དགེ་བཅུ་ལས་འབྲས་བརྩི་སྲུང་།།
ཁ་བཤད་ཝུ་བའི་རྗེས་འགྲོ།།

ཡ་མཚན་མི་ལུས་རིན་ཆེན།།
བཤད་དཀའ་མི་སེམས་ལྐོག་གྱུར།།
བློ་གཏོད་ཡིད་ཆེས་ཆོག་པའི།།
གཟུར་གནས་ཡིད་བརྟན་རྙེད་དཀའ།།

འཁྲུལ་སྣང་བཅོས་མའི་འཚོ་བ།།
ངོ་མཚར་རོ་བརྒྱ་ལྡན་པས།།
མིའི་རིགས་བཟི་བར་གྱུར་ཏེ།།
འཆི་བ་ཡིད་ནས་བརྗེད་ཡོད།།

ཀུན་དགའ་དོན་འགྲུབ་ཆེད་དུ།།
མ་ཤི་བར་དུ་གདོང་མཆོང་།།
མཚམས་འཇོག་མེད་པར་འདུར་བའི།།
འ་ཅག་འཇིག་རྟེན་ཕོ་མོ།།

ཟོ་ཆུན་འཁོར་བའི་ཀློང་ནས། །
འདུག་དབང་སྡོད་དབང་མེད་པའི།།
འཇིག་རྟེན་འཁོར་བའི་ལས་དབང་།།
སུས་ཀྱང་ལྡོག་ཐབས་མེད་དོ།།

འགྲན་རྩོད་རྦ་རླབས་གཡོ་ཞིང་།།
ཕྲག་དོག་ཁྲག་གིས་མྱོས་པའི།།
ཨུ་ཚུགས་རྒྱ་སྟག་ངར་མ།།
ག་ས་གང་དུ་མང་ངོ་།།

རང་གི་ངོ་བོ་དོར་ནས།།
ཨ་གསར་ལས་ལ་བྲེལ་བའི།།
མཁས་རྟགས་བླུན་རྟགས་སྟོན་པའི།།
གདོན་གཟུགས་ས་སྟེང་བཀང་ངོ་།།

མ་འོངས་མདུན་ལྗོངས་བསམ་པའི།།
མིག་རྒྱང་ཕུགས་རྒྱང་རིང་མཁན།།
བློ་སྣ་ཕག་གི་སྣ་ལས།།
ཐུང་བའི་ཨ་བུ་མང་དྲགས།།

བཀྲ་ཤིས་གནམ་ལོ་གསར་ཚེས།།
མི་འགྱང་ས་སྟེང་འདི་རུ།།
རྟེན་འབྲེལ་ཁ་གཡང་ཁྲོད་ནས།།
སླེབས་ནས་སྐྱིད་ལ་རོལ་དགོས།།

ནམ་ཡང་དྲ་སྟེང་འཁྱམ་པའི།།
སོས་དལ་མདོ་མེད་བུ་ངའི།།
ཁ་ནས་ཅི་བྱུང་འདི་བྱུང་།།
དོན་མེད་ལབ་བརྡོལ་འབྱིན་ནོ།།

མ་འོངས་གངས་ལྗོངས་ཡུལ་ལ།།
ཆབ་དཔལ་རིག་གསུམ་དར་ཞིང་།།
ཕ་སྐད་ཆུ་རྒྱུན་རིང་མོ།།
འཛད་མེད་རྒྱུན་ལས་རིང་ཤོག།

ཏང་སྲིད་ཉི་འོད་གཞོན་ནུ།།
བོད་ཁམས་ཡོངས་ལ་འཕྲོས་ཏེ།།
འབངས་རྣམས་བདེ་ཞིང་སྐྱིད་པའི།།
འཚོ་བ་ཡར་རྒྱས་གོང་འཕེལ།།

བཀྲ་ཤིས་གནམ་ལོ་གསར་བ།།
རྟེན་འབྲེལ་གླུ་སྐད་ཁྲོད་ནས།།
སྒོ་འཕར་ཡངས་པོར་ཕྱེས་ཏེ།།
ཁ་བའི་ཡུལ་ལ་སླེབས་བྱུང་།།

དགའ་སྤྲོ་འཛོམས་པའི་ཉིན་ལ།།
ནང་མི་ལྷན་འཛོམས་བྱུང་སྟེ།།
དགའ་སྤྲོའི་དགོད་སྒྲའི་ཁྲོད་ནས།།
འཚོ་བ་སྐྱིད་ལ་སྐུར་སོང་།།


གནམ་ལོ་གསར་པའི་འཚམས་འདྲི།
                       ལྷ་ལུང་ཀརྨ་ཤེས་རབ། 
ཡུལ་ལུང་འབྲོག་ཕྱུག་མོའི་གཞིས་ཕྲུག་ང་།།
སྐྱིད་གནམ་ལོ་བསུ་རུ་ལོག་ཁོམས་བྲལ།།
ཡུལ་ཕ་ས་ཕ་ཡུལ་མ་དྲན་མིན།།
ས་བྱང་ཐང་ཁ་ཐག་རྒྱང་བས་རྐྱེན།།


ཁྱིམ་བསམ་དཀྱིལ་ཚང་གི་གཅེས་ཕྲུག་ང་།།
སྐྱིད་གནམ་ལོ་བསུ་རུ་ལོག་ཁོམས་བྲལ།།
བྱམས་ཕ་མ་སྤུན་མཆེད་མ་དྲན་མིན།།
ཕུགས་འདུན་པའི་རྨི་ལམ་བྲེལ་བས་རྐྱེན།།


བོད་ཁ་བའི་ལྗོངས་ཀྱི་གངས་ཕྲུག་ང་།།
སྐྱིད་གནམ་ལོ་བསུ་རུ་ལོག་ཁོམས་བྲལ།།
བོད་གནམ་ལོའི་སྲོལ་ལ་མ་དགའ་མིན།།
སྐད་ཡི་གེའི་ལས་གནས་གཙོ་བས་རྐྱེན།།


ལོ་གསར་པར་ལྷན་འཛོམས་མ་བྱུང་ཡང་།།
ང་བདེ་གནས་ལས་དོན་སྒྲུབ་བཞིན་ཡོད།།
ཁྱིམ་ནང་མི་ཐུགས་སེམས་བདེ་བར་བཞུགས།།
བོད་ཤིང་ལུག་ལོ་གསར་སྤྲོ་པོ་གནོང་།།


འབྲེལ་ཡོད་འོས་སྦྱོར།