ལམ་སྟོན་དྲ་བའི་དྲ་ངོས་གསར་བརྗེ་ཡི་བྱ་བ་བདེ་བླག་ངང་མཇུག་གྲུབ་པ།
ནོར་བཟང་ཚན་རྩལ་རིག་གནས་ཁྱབ་སྤེལ་ལྟེ་གནས་ཀྱིས་འབད་པ་བརྒྱ་ཕྲག་དང་དུ་བླངས་ནས་བོད་ཀྱི་ཆེས་ཐོག་མའི་དྲ་མཛོད་ཆེན་མོ་ལམ་སྟོན་ཞེས་པ་སྤྱི་ལོ2015ལོའི་ཟླ1པོའི་ཚེས28ཉིན་དངོས་སུ་ཤར་གཏོང་བྱས་པ་དང་། དེ་རྗེས་བསྟུད་མར་ཉིན་གཉིས་ཀྱི་རིང་དྲ་ངོས་ཀྱི་ཉིན་རེའི་སྡེབ་ཚད་ཁྲི་གཉིས་ལས་བརྒལ་བ་དང་། བོད་ཀྱི་གསར་ལམ་དང་དྲ་ཚུགས། སྨྱན་བྱེད་སྡེ་ཁག་སོགས་ཀྱིས་གདེང་འཇོག་དང་། བཟང་བསྟོད་སོགས་རབ་ཏུ་མོད་པོ་བྱས་རྐྱེན། ང་ཚོས་ཀྱང་བྱ་བ་འདིས་བོད་ཀྱི་ཆ་འཕྲིན་རིག་གནས་ཀྱི་སྟོང་ཆ་རེ་ཅིས་ཀྱང་སྐོང་ཐུབ་པའི་ངེས་ཤེས་རྙེད་ནས། རྒྱལ་ནང་གི་ལམ་སྟོན་དྲ་ཚུགས་ཆེ་གྲས2345དང་མཉམ་འབྲེལ་བྱས་པ་བརྒྱུད། སྤྱི་ཟླ2པའི་ཚེས1ནས་དྲ་ངོས་གསར་བ་བཟོ་བའི་འཆར་གཞི་བཀོད་པ་དང་། བསྟུད་མར་ཟླ་བ་ཕྱེད་ཀྱི་རིང་ལ་ངེད་དྲ་བའི་ལས་བཟོ་བ་ཡོངས་ཀྱིས་སྔ་ལངས་འཕྱི་ཉལ་ངང་ཧུར་ཐག་བྱས་པས། ང་ཚོའི་དྲ་ངོས་གསར་བ་འདི་ཡང་རྒྱ་ཆེའི་ཀློག་མཁན་དག་གི་སྤྱན་ལམ་དུ་འབྱོར་ཐུབ་པ་བྱུང་ཡོད། དྲ་ངོས་གསར་བ་འདིར་གཙོ་བོ་རྩིས་འཁོར་དྲ་ངོས་སྒྱུར་བཟོ་ལེགས་པོ་བྱས་ཡོད་པ་དང་། སྔར་མེད་པའི་ལེ་ཚན་གསར་བ་འགའ་ཁ་སྣོན་བྱས་ཡོད་པ་སྟེ། དྲི་བ་དྲིས་ལན་དང་། གཡུང་དྲུང་བོན། རྒྱུན་ཤེས་སྣ་ཚོགས་སོགས་དང་། ལེགས་རྩོམ་སྙིང་བསྡུས་། ཆ་འཕྲིན་གསར་འགྱུར། ཚོང་འཕྲིན་སོགས་རྩོམ་ཡིག་སོགས་གསར་འཕྲིན་སྤེལ་སའི་ལེ་ཚན་གསར་བ་ཞིག་ཀྱང་ཁ་སྣོན་བྱས་ཡོད་པར་མ་ཟད་བོད་ཀྱི་ཡིག་གཟུགས་སྣ་འདུས་ཕབ་ལེན་བྱེད་སའི་སྟེགས་བུ་ཞིག་ཀྱང་གསར་བསྐྲུན་བྱས་ཡོད། གཞན་ཁ་པར་དྲ་ངོས་དུས་ཚོད་ཀྱི་དབང་གིས་གནས་སྐབས་སུ་སྒྱུར་བཟོ་གསར་བ་བྱེད་མ་ཐུབ་མོད། གནམ་ལོ་གསར་བའི་རྗེས་སུ་ཁ་པར་དྲ་ངོས་སུ་ཡང་ལེ་ཚན་གསར་བ་དེ་དག་ཁ་སྣོན་བྱེད་རྒྱུ་དང་། དྲ་ངོས་ཀྱི་ཇུས་འགོད་སོགས་ཀྱི་ཕྱོགས་ལ་ཡང་སྒྱུར་བཟོ་ཅུང་ལེགས་པོ་རེ་བྱེད་རྒྱུ་ཡིན་པས་དེ་ལུགས་ཐུགས་འཇགས།