logo

མཚོ་སྔོན་རྒྱ་གྲམ་དམར་པོ་སྨན་ཁང་གི་སྨན་བཅོས་སྡེ་ཁག་གཞི་རིམ་དུ་བསྐྱོད་པ།

རྩོམ་པ་པོ།:མཚོ་སྔོན་རྒྱ་གྲམ་དམར་པོ་སྨན་ཁང ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-11-20 ཀློག་གྲངས།:

      
མཚོ་སྔོན་རྒྱ་གྲམ་དམར་པོ་སྨན་ཁང་གི་སྨན་བཅོས་སྡེ་ཁག་གཞི་རིམ་དུ་བསྐྱོད་པ།   

  སྤྱི་ཟླ11པའི་ཚེས8ཉིན།  སྨན་ཁང་གི་ཏང་ཀྲི་པུའུ་བདུན་པའི་རྩ་འཛུགས་སྡེ་ཁག་གི་ཏང་ཡོན་དང་སྨན་བཅོས་སྡེ་ཁག་གི་སྨན་པ་རྣམས་ཀྱིས་སྤྱི་ལེ150ལྷག་གི་ལམ་ཐག་བརྒྱུད་ནས་མཚོ་ལྷོ་ཁུལ་མང་ར་རྫོང་མགོ་མང་གྲོང་རྡལ་གྱི་ལོ་རྒྱ་སྡེ་བར་སྐྱོད་པ་དང་། ས་དེའི་ཞིབ་དཔྱོད་ཁང་གི་མི་སྣ་དང་མཉམ་དུ་བདེ་ཐང་ལ་གཟིགས་སྐྱོང་དང་བརྩེ་བ་ཀློག་པ་པོར་བཅིངས་བ་ཞེས་པའི་སྨན་བཅོས་རོགས་སྐྱོར་བྱ་འགུལ་སྤེལ་ཏེ་ས་གནས་ཀྱི་འབྲོག་པ་མང་ཚོགས་ལ་གཅེས་སེམས་ཕུལ།   
  དགུན་དུས་ཅུང་ཟད་ཁོམ་ལོངས་ཆེ་བ་དང་མང་ཚོགས་ཚང་མ་རང་ཁྱིམ་དུ་འདུས་ཡོད་པས། གཞི་རྒྱ་ཆེ་བའི་སྒོ་ནས་བདེ་ཐང་གི་ཤེས་བྱ་སྒྲོག་པར་ཕན་ཁེ་ལྡན།  ཕྱོགས་གཞན་ཞིག་ནས་དགུན་ཁ་ནི་སྙིང་རྩ་འགག་པ་དང་རུས་ཚིགས་ན་བའི་ནད་གཞི་འབྱུང་སླ་བའི་དུས་ཚིགས་ཡིན་པས་བདེ་ཐང་གི་སློབ་གསོ་སྤེལ་ནས་མི་ཚང་མའི་ནད་འགོག་འདུ་ཤེས་མཐོར་འདེགས་སུ་གཏོང་བ་ཡིན།


མཚོ་སྔོན་རྒྱ་གྲམ་དམར་པོ་སྨན་ཁང་གི་སྨན་བཅོས་སྡེ་ཁག་གཞི་རིམ་དུ་བསྐྱོད་པ།   

  ལོ་རྒྱ་སྡེ་བ་ནི་འབྲོག་ལས་ཁོ་ནར་གཏོགས་ཤིང་། གྲོང་རྡལ་དང་བར་ཐག་རིང་བས། འབྲོག་པ་མང་ཚོགས་སྨན་པར་བསྟེན་པ་དང་བརྟག་དཔྱད་བྱེད་དུས་དཀའ་ཁག་ལ་ཕྲད་པ་དང་དཔལ་འབྱོར་འགྲོ་གྲོན་ཆེ་ཕྱིར།  ང་ཚོའི་སྔོན་ནས་གྲ་སྒྲིག་གིས་འབྲོག་ཁུལ་ལ་དགོས་མཁོ་ཆེ་བའི་སྨན་རྫས་མང་པོ་ཉོས་ཏེ་འབྲོག་པ་མང་ཚོགས་ལ་རིན་མེད་འབུལ་བ་དང་། སྨན་བཅོས་མགོ་བརྩམ་པ་ནས། ཐོག་མར་ས་གནས་མང་ཚོགས་རྣམས་ལ་ཐུམ་འབུའི་ནད་འགོག་སྲུང་གི་གསོ་སྦྱོང་སློབ་ཁྲིད་བྱས། ཐུམ་འབུའི་ནད་ནི་རང་ཞིང་གི་འབྲོག་ཁུལ་དུ་འགོས་ནད་ཚབས་ཆེན་ཅན་དུ་གྱུར་ཡོད་པ་དང་། ནད་གཞིའི་དུས་ཡུན་རིང་བ། སྨན་བཅོས་རིན་གོང་མཐོ་བས་མང་ཚོགས་རྣམས་ལ་བདེ་ཐང་དང་དཔལ་འབྱོར་ཐད་དཀའ་ཁག་ཆེན་པོ་བཟོ་བཞིན་ཡོད། དེ་བས་ང་ཚོའི་གནས་ཚུལ་འདི་ལ་དམིགས་ནས། ཆེད་དུ་བོད་ཡིག་སྒྲོག་བྱང་དང་སྤྱན་ཤོག་བཟོས་ཏེ་རྒྱ་ཆེའི་འབྲོག་པ་མང་ཚོགས་རྣམས་ལ་སྟབས་བདེའི་ངང་ཚང་མས་གོ་ཐུབ་པ་བྱས།ཐེངས་འདིའི་བྱ་འགུལ་ལ་སྡེ་བའི་མགོ་ཁྲིད་ལས་བྱེད་རྣམས་ཀྱི་དགའ་བསུ་ཐོབ་པ་མ་ཟད། མང་ཚོགས་ཚང་མ་སར་བསྡད་ནས་ནན་ཏན་གྱིས་ཉན་པ་དང་། ཟིན་བྲིས་སུ་འགོད་མཁན་ཡང་མི་ཉུང་བ་ཞིག་ཡོད།གསོ་སྦྱོང་སློབ་ཁྲིད་ལས་གཞན་སྨན་དཔྱད་སྡེ་ཁག་གིས་ནད་ལ་བརྟག་ཏུ་ཡོང་བའི་མང་ཚོགས་ཀྱི་ཁྲད་ཤེད་བརྟག་པ་དང་། ནད་གཞི་ལྟར་རིན་མེད་ཀྱིས་སྨན་སྦྱིན་བཏང་།
  ལག་ཏུ་སྨན་རྫས་དང་བོད་ཡིག་གི་སྒྲོག་བྱང་བཟུང་བའི་འབྲོག་པ་རྣམས་ཀྱིས“དེ་རིང་གི་སྨན་བཅོས་ནི་དོན་དངོས་དང་ལྡན་པར་འདུག སློབ་གསོ་ཐོབས། ནད་ལ་བརྟགས། ད་དུང་སྨན་བྱིན། ཁྱེད་ཚོ་ནི་སྨན་པ་བཟང་པོ་རེད། རྗེས་ཕྱོགས་ཀྱང་བྱ་འགུལ་འདི་འདྲ་སྤེལ་རོགས་ཞུ”ཞེས་པའི་མང་ཚོགས་རྣམས་ཀྱི་ཡིད་ཆེས་ཀྱིས་ང་ཚོའི་བྱ་བར་སྔར་མེད་ཀྱི་སྤོབས་པ་བསྩལ་ཞིང་། མང་ཚོགས་ཀྱི་དཀའ་ངལ་དང་དགོས་མཁོ་སེམས་སུ་ཉར་ནས་ཧུར་བརྩོན་བྱེད་པ་ནི་ང་ཚོས་ངེས་པར་དུ་བརྩི་བསྲུང་བྱེད་དགོས་པའི་དམ་བཅའ་ཡིན་ལ།རྗེས་ཕྱོགས་མུ་མཐུད་དུ《མཐོ་སྒང་དང་ལུས་ཕུང་བདེ་ཐང་》གི་སྟེགས་བུ་བརྒྱུད་ནས་བྱ་འགུལ་རིགས་སྣ་ཚོགས་སྤེལ་ཏེ་སློབ་གསོ་རྒྱ་ཁྱབ་ཏུ་གཏོང་བ་དང་། རྒྱ་གྲམ་དམར་པོའི་སྙིང་སྟོབས་མཐོ་སྒང་ཡུལ་དུ་ཁྱབ་སྤེལ་གཏོང་ངེས།

 


འབྲེལ་ཡོད་འོས་སྦྱོར།