logo

བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་རིག་རྩལ་ལེ་ཚན་བརྗེ་རེས་ཚོགས་འདུ་དང་ལེ་ཚན་དཔྱད་བསྡུར་ཚོགས་འདུ་བསྡུས།

རྩོམ་པ་པོ།:ཆོས་ཕྱུག་རྒྱལ། བཀྲ་ཤིས་དོན་གྲུ ཡོང་ཁུངས།:མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་དྲ་བ། དུས་ཚོད།:2014-10-24 ཀློག་གྲངས།:


དཔྱད་བསྡུར་ཚོགས་འདུ་མགོ་རྩོམ་པའི་ཡུལ་དངོས།

     སྤྱི་ཟླ10བའི་ཚེས19ཉིན་ནས་ཚེས24ཉིན་བར། ཐེངས་སུམ་ཅུ་བའི་རྒྱལ་ཡོངས་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་རིག་རྩལ་ལེ་ཚན་བརྗེ་རེས་ཚོགས་འདུ་དང་སྐབས་བཅོ་ལྔ་བའི་རྒྱལ་ཡོངས་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་ལེ་ཚན་དཔྱད་བསྡུར་ཚོགས་འདུ་དེ་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་སེམས་ཀྱི་ཉི་ཟླ་རྫོང་དུ་བསྡུས། ཚོགས་འདུ་ལ་བདེ་ཆེན་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་དང་བདེ་ཆེན་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཁང་གིས་འགན་སྒྲུབ་བྱས། ཀྲུང་དབྱངས་མི་དམངས་ཀུན་ཁྱབ་རླུང་འཕྲིན་དང་ཞིང་ལྗོངས་ལྔའི་རྒྱང་སྒྲོག་བརྙན་འཕྲིན་ལས་ཁུངས22ཚོགས་འདུར་ཞུགས་ཡོད།
     ཐེངས་འདིའི་དཔྱད་བསྡུར་ཚོགས་འདུ་ནས་སྔར་བཞིན་རྒྱལ་ཡོངས་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་གྱི་ལེ་ཚན་རྒྱུ་སྤུས་མུ་མཐུད་དུ་མཐོར་འདེགས་དང་། རྒྱལ་ཡོངས་ཀྱི་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་གྱིས་ལེ་ཚན་སྒྲིག་སྦྱོར་དང་ལེ་ཚན་གསར་སྤེལ། འཇོན་ཐང་མི་སྣ་གསོ་སྐྱོང་སོགས་ཀྱི་ཐབས་ལམ་ལ་འབྲེལ་འདྲིས་ཡོང་བར་སྐུལ་སྤེལ་བྱས། ཚོགས་ཐོག་ནས་རྒྱལ་ཡོངས་ཀྱི་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་ལེ་ཚན་གསར་རྩོམ་གྱི་གྲུབ་འབྲས་གཡུར་དུ་ཟ་བ་མངོན་པར་མཚོན་པ་དང་། ཕུལ་དུ་བྱུང་བའི་རྒྱང་སྒྲོག་བརྙན་འཕྲིན་ལེ་ཚན་གྱིས་སྣེ་ཁྲིད་ནུས་པ་བཏོན་ནས་རྒྱལ་ཡོངས་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་གྱི་སྨྱན་བྱེད་ལས་རིགས་དང་ལས་བྱེད་མི་སྣས་བསམ་བློའི་གོ་རྟོགས་ཇེ་མཐོར་གཏོང་བར་སྐུལ་འདེད་དང་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་ལེ་ཚན་གྱི་རྒྱུ་སྤུས་མཐོར་འདེགས་གཏོང་བ། བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་ལས་རིགས་དང་རྒྱང་སྒྲོག་བརྙན་འཕྲིན་དཔུང་སྡེའི་བསམ་བློ་འཛུགས་སྐྲུན། ལས་སྒོ་འཛུགས་སྐྲུན། བྱ་སྤྱོད་འཛུགས་སྐྲུན་བཅས་ལ་སྐུལ་འདེད་གཏོང་བ། རྒྱལ་ཡོངས་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་ལེ་ཚན་གྱི་སྐུལ་ཁྲིད་ནུས་པ་དང་ཤན་ཤུགས་ནུས་པ། ཕྱོགས་བསྡུས་ནུས་པ་བཅས་ཇེ་མཐོར་བཏང་ནས་རྒྱལ་ཡོངས་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་གྱིས་སྔར་ལས་ལྷག་པའི་སྒོ་ནས་མི་དམངས་ལ་ཞབས་འདེགས་ཞུ་བ་དང་སྤྱི་ཚོགས་རིང་ལུགས་ལ་ཞབས་འདེགས་ཞུ་བ། ཏང་ཡོངས་དང་རྒྱལ་ཡོངས་ཀྱི་ཆེ་ཕྱོགས་བྱ་བར་ཞབས་འདེགས་ཞུས་ཏེ། ཚན་རིག་གི་འཕེལ་རྒྱས་ལྟ་བ་ལག་བསྟར་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་མངོན་འགྱུར་དང་འཆམ་མཐུན་སྤྱི་ཚོགས་འཛུགས་པར་ཧུར་ཐག་སྒོས་ཞབས་འདེགས་ཞུ་བར་སྐུལ་སྤེལ་བྱས།

 བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་གྱི་ལེ་ཚན་དཔྱད་བསྡུར་ཚོགས་འདུ་བསྡུས།
བརྩམས་ཆོས་ལ་དཔྱད་བསྡུར་བྱེད་བཞིན་པ།

     ཐེངས་འདིའི་རྒྱལ་ཡོངས་རྒྱང་སྒྲོག་བརྙན་འཕྲིན་གྱི་བརྩམས་ཆོས་དཔྱད་བསྡུར་བྱེད་པ་དེ་རྒྱང་སྒྲོག་རིགས་ཀྱི་གསར་འགྱུར་དང་ཆེད་སྒྲིག རིག་རྩལ་དང་རྩོམ་རིག་སོགས་དང་བོད་སྐད་བརྙན་འཕྲིན་རིགས་ཀྱི་གསར་འགྱུར་དང་ཆེད་སྒྲིག རིག་རྩལ་དང་རྩོམ་རིགས་སོགས་ལེ་ཚན་རིགས་མི་འདྲ་བའི་ཚན་ཁག་བཅུ་རུ་བཀར་ནས་དཔྱད་བསྡུར་བྱས། དཔྱད་བསྡུར་ཚོགས་འདུ་ནས་ཏང་གཤིས་རྩ་དོན་རྒྱུན་འཁྱོངས་དང་ཡང་དག་པའི་གླེང་ཕྱོགས་རྒྱུན་འཁྱོངས། དྲང་བདེན་དང་འདྲ་མཉམ་གྱི་རྩ་དོན་རྒྱུན་འཁྱོངས་བཅས་བྱས་ནས་རྒྱལ་ཡོངས་ཀྱི་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་ལས་ཁུངས་སོ་སོས་ན་ནིངས་ལོ་གཅིག་གི་རིང་ལ་གསར་འགྱུར་དྲིལ་སྒྲོག་དང་རིག་གནས་དར་སྤེལ་ཐད་བླངས་པའི་གཡར་དུ་ཟ་བའི་གྲུབ་འབྲས་ལ་ཞིབ་བསྡུར་ཐེངས་ཤིག་བྱས།
     ཐེངས་འདིའི་དཔྱད་བསྡུར་ཚོགས་འདུ་ནས་ནན་ཏན་སྒོས་ཀྲུང་གོ་རྒྱང་སྒྲོག་བརྙན་འཕྲིན་མཐུན་ཚོགས་གྲངས་ཉུང་མི་རིགས་སྐད་རིགས་བྱ་བའི་ཨུ་ཡོན་ལྷན་ཁང་གི་སྒྲིག་ཡིག་ལྟར། དཔྱད་འདེམས་པ་དག་གིས་ཉིན་གཉིས་ལྷག་གི་རིང་ལ་གཟབ་ནན་སྒོས་བརྩམས་ཆོས་སྣ་ཚོགས་ལ་དཔྱད་བསྡུར་བྱས་ནས་བསྡོམས་པས་བརྩམས་ཆོས224ལ་དགའ་རྟགས་ཐོབ། དེའི་ཁྲོད་དུ་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་གྱི《འཆམ་མཐུན་བོད་ཡུལ་གཏམ་གྱིས་འགྲིམ་པའི་གླེགས་བམ》ཞེས་པའི་ལེའུ་ལྔ་བཅུ་ཅན་གྱི་བསྟུད་འགོད་ཆེད་སྒྲིག་ལེ་ཚན་ཆེན་མོ་ལ་ཆེས་མཐོའི་བྱ་དགའ་དང་བརྩམས་ཆོས་གཞན་པ་དགུ་ལ་བྱ་དགའ་ཨང་དང་པོ་ཐོབ་པ་དང་། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་བརྙན་འཕྲིན་གྱི《དཔྱིད་དཔལ་གསར་བའི་རེ་སྨོན》ཞེས་པའི་ལོ་སར་རིག་རྩལ་དགོང་ཚོགས་དང་བཅས་པའི་བརྩམས་ཆོས7ལ་བྱ་དགའ་ཨང་དང་པོ་ཐོབ།
     ཐེངས་འདིར་དཔྱད་བསྡུར་བྱས་པའི་རྒྱང་སྒྲོག་བརྙན་འཕྲིན་གྱི་བརྩམས་ཆོས་གང་མང་ཞིག་གི་རིན་ཐང་ཅུང་མཐོ་བ་དང་། ནང་དོན་ཕུན་སུམ་ཚོགས་ལ་བསམ་བློའི་ཆུ་ཚད་དང་སྒྱུ་རྩལ་གྱི་རྣམ་པ་གང་གི་ཐད་ནས་བལྟས་ནའང་ལོ་སྔོན་མ་དག་ལས་ཆུ་ཚད་གསར་བ་ཞིག་ཏུ་སླེབས་ཡོད།
     ཚོགས་ཐོག་ནས་མཚོ་སྔོན་ཞིང་ཆེན་མི་རིགས་སྐད་གློག་བརྙན་འཕྲིན་བསྒྱུར་སྐྲུན་ལྟེ་གནས་དང་མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་། ཀྲུང་གོ་བོད་ལྗོངས་འཕྲིན་དྲ་བཅས་རྗེས་ཕྱོགས་ཀྱི་དཔྱད་སྡུར་ལས་ཁུངས་སུ་གསར་དུ་ཁ་སྣོན་བྱས།


འབྲེལ་ཡོད་འོས་སྦྱོར།