སྲིད་པའི་ལྷ་ཚོགས་ཀུན་འདུས་ཀྱི་ཙོང་ཁའི་ལབ་ཙེ་ཆེན་མོའི་གཞི་བསྟོད་གྲུབ་སྟོན་མཛད་སྒོ་སྒོ་མེ་ལ་ཁར་བསྡུས།
ཙོང་ཁའི་ལབ་ཙེའི་ཕྱི་ངོས།
དད་ལྡན་མང་ཚོགས་ཀྱིས་ལབ་ཙེ་བསྟོད་བཞིན་པ།
ཟླ10བའི་ཚེས15ཉིན་ཏེ། ལུགས་རྙིང་གི་ཟླ9བའི་ཚེས22ཉིན་ཏེ་ལྷ་བབས་དུས་ཆེན་ཉིན། ཁྲི་ཀ་རྫོང་ཡུལ་སྐོར་དོ་དམ་ཨུ་ཡོན་ལྷན་ཁང་དང་མཚོ་ལྷོ་ཁུལ་དོན་གྲུབ་རིག་གནས་སྒྱུ་རྩལ་གསར་སྤེལ་ཚད་ཡོད་འགན་ལེན་ཀུང་ཟི་གཉིས་ཀྱིས་མཉམ་དུ་སྒྲུབ་པའི་སྲིད་པའི་ལྷ་ཚོགས་ཀུན་འདུས་ཀྱི་ཙོང་ཁའི་ལབ་ཙེ་ཆེན་མོའི་གཞི་བསྟོད་གྲུབ་སྟོན་མཛད་སྒོ་སྒོ་མེ་ལ་ཁ་ནས་གཟབ་རྒྱས་ངང་བསྡུས།
ལབ་ཙེའི་ནང་ངོས་ཀྱི་ཆོ་ག
ཁྲི་ཀ་རྫོང་ཡུལ་སྐོར་དོ་དམ་ཨུ་ཡོན་ལྷན་ཁང་དང་མཚོ་ལྷོ་ཁུལ་དོན་གྲུབ་རིག་གནས་སྒྱུ་རྩལ་གསར་སྤེལ་ཚད་ཡོད་འགན་ལེན་ཀུང་ཟི་གཉིས་ཀྱིས་མཉམ་དུ་སྒྲུབ་པའི་སྲིད་པའི་ལྷ་ཚོགས་ཀུན་འདུས་ཀྱི་ལབ་ཙེ་ཆེན་མོ་སྟེ་ཙོང་ཁའི་ལབ་ཙེའི་མཐོ་ཚད་སྨི་སུམ་ཅུར་ཉེ་བ་ཡོད་པས་མིག་སྔར་རང་རྒྱལ་དུ་གཞི་རྒྱ་ཅུང་ཆེ་བའི་ལབ་ཙེ་ཡིན་ལ། མི་རིགས་སྲོལ་རྒྱུན་རིག་གནས་རྒྱུན་མཐུད་དང་ས་གནས་ཡུལ་སྐོར་རིག་གནས་འཕེལ་རྒྱས་སུ་གཏོང་བར་རིན་ཐང་ཆེན་པོ་ལྡན། ལབ་ཙེ་འདིའི་བཟོ་སྐྲུན་ཐད་བོད་ཀྱི་རྩིག་བཟོ་ཁྱད་ཆོས་མངོན་པར་དོད་ཅིང་། རྩེག་རིམ་གསུམ་ཡོད་ལ། རིམ་པ་བཞིན་བསང་རྫས་འཇོག་ས་དང་། ཁྲི་ཀའི་ཡུལ་ལྷའི་མཆོད་ཁང་། སྲིད་པའི་ལྷ་ཚོགས་ཀྱི་སྐུ་བརྙན་བཅས་གསོན་ཉམས་ལྡན་པར་བཞེངས་ཡོད།
སྤྱིར་ལབ་ཙེ་ནི་གནའ་སྔ་མོ་ནས་དར་བའི་བོད་ཀྱི་ཆོས་ལུགས་རིག་གནས་ཀྱི་ཆོ་ག་ཞིག་སྟེ། གཙོ་བོར་མི་རྣམས་ཀྱིས་ཡུལ་ལྷ་གཞི་བདག་ལ་མཆོད་པ་དང་། དགྲ་འདུལ་གཉེན་སྐྱོང་། ཆར་ཆུ་རྟག་ཏུ་འབབ་ཞིང་མི་ཕྱུགས་བདེ་སྐྱིད་ལྡན་པར་རེ་སྨོན་བྱེད་པའི་དམངས་ཁྲོད་རང་བཞིན་གྱི་བྱ་འགུལ་ཞིག་ཡིན། བོད་ཀྱི་ས་གནས་སོ་སོ་ལོ་རེ་བཞིན་རང་རང་གི་ཡུལ་ལྷ་གཞི་བདག་མཆོད་ཅིང་ལབ་ཙེ་བསྟོད་པའི་སྲོལ་ཡོད་ལ། ད་ལྟ་བོད་དང་འདབ་འབྲེལ་གྱི་རྒྱ་དང་སོག་པོ། ཧོར་སོགས་མི་རིགས་མང་པོར་ཡང་ལྷ་མཆོད་ཀླུ་གསོལ་གྱི་ཤན་ཤུགས་ཞུགས་ཡོད།