ལོ་བཅུ་ལྷག་ཙམ་ནང་གནམ་མཚོའི་རྒྱ་ཁྱོན་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ༥༠ཆེ་རུ་ཕྱིན་པ།
ཀྲུང་གོ་ཚན་རིག་ཁང་མཚོ་བོད་ས་མཐོའི་ཞིབ་འཇུག་སའོ་ཡི་ཞིབ་འཇུག་པ་གཞོན་པ་ཀྲང་གོ་ཆེན་གྱིས་སྤྱི་ཚེས༢ཉིན་གསར་འགོད་པར་གསུངས་དོན། ཀྲུང་གོའི་རྒྱང་ཚོར་གྲངས་གཞི་གསར་ཤོས་ཐོག་ནས་མངོན་པར་གཞིགས་ན། འཛམ་གླིང་ཐོག་ས་བབས་མཐོ་ཤོས་ཡིན་པའི་ཚྭ་ཆུའི་མཚོ་གནམ་མཚོའི་རྒྱ་ཁྱོན་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ ༢༠༢༦ ཟིན་གྱི་ཡོད་པ་དང་། འདས་ཟིན་པའི་ལོ་བཅུ་ལྷག་ཙམ་ནང་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ༥༠ཆེ་རུ་ཕྱིན་ཡོད་པ་རེད། དེ་སྔོན་གྱི་རྒྱ་ཆེ་རུ་འགྲོ་ཚད་དང་བསྡུར་ན་མངོན་གསལ་གྱིས་ཇེ་མགྱོགས་སུ་ཕྱིན་ཡོད་པ་རེད་ཅེས་གསུངས།
ཀྲང་གོ་ཆེན་གྱིས་དུས་རབས་གོང་མའི་ལོ་རབས༧༠གནམ་མཚོའི་མཚོ་ངོས་བརྟན་པོ་བྱུང་ནས་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ༡༩༥༠གཡས་གཡོན་དུ་རྒྱུན་མཐུད་བྱུང་ཡོད་པ་རེད། དུས་རབས་གསར་པར་སླེབས་ཚུན་གནམ་མཚོའི་མཚོ་ངོས་རྒྱ་ཆེར་འགྲོ་ཚད་མངོན་གསལ་དོད་པོས་མགྱོགས་སུ་ཕྱིན་ཡོད་པ་དང་། སྤྱི་ལོ༢༠༠༠ལོ་ནས་ད་ལྟའི་བར་གྱི་ལོ་བཅུ་ལྷག་ཙམ་ནང་གནམ་མཚོའི་མཚོ་ངོས་རྒྱ་ཁྱོན་སྤྱི་ལེ༥༠ཆེ་རུ་ཕྱིན་ཡོད་པ་དང་། དུས་རབས་གོང་མའི་མཐའ་མཇུག་ལོ༣༠ནང་གནམ་མཚོའི་མཚོ་ངོས་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ༢༦ལས་ཆེ་རུ་ཕྱིན་མེད་པ་རེད་ཅེས་ངོ་སྤྲོད་གནང་།
དོན་དངོས་ཐོག་གནམ་མཚོ་ཙམ་མ་ཡིན་པར་མཚོ་བོད་ས་མཐོའི་མཚོ་ངོས་ཀྱི་རྒྱ་ཁྱོན་སྤྱི་ཡོངས་ཆེ་རུ་འགྲོ་བའི་རྣམ་པ་ཐོན་བཞིན་ཡོད་པ་དང་། ཀྲུང་གོ་ཚན་རིག་ཁང་མཚོ་བོད་ས་མཐོའི་ཞིབ་འཇུག་སའོ་ཡིས་དུས་ཡུན་རིང་པོའི་རྒྱང་ཚོར་དང་། ས་ངོས་ལྟ་ཞིབ་ཚད་ལེན་བྱས་པའི་ཐོག་ནས་འདས་ཟིན་པའི་ལོ༢༠ནང་མཚོ་བོད་ས་མཐོའི་སྐམ་སའི་དབུས་ཁུལ་གྱི་ཁ་ཟུམ་མཚེའུ་ཡི་རྒྱ་ཁྱོན་དེ་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ་ཁྲི༢.༥༦ནས་སྤྱི་ལེ་ངོས་སྙོམས་གྲུ་བཞི་མ་ཁྲི༣.༢༣བར་ཆེ་རུ་ཕྱིན་ཡོད་པ་དང་ཆེ་རུ་འགྲོ་ཚད་བརྒྱ་ཆ༢༦ཟིན་གྱི་ཡོད།