མཚོ་སྔོན་ཞིང་ཆེན་སྐབས་གཉིས་པའི་མཚོ་སྔོན་པོ་རྟགས་མའི་རྡུང་ལེན་འགྲན་ཚོགས་བདེ་ལེགས་ངང་མཇུག་བསྒྲིལ་པ།

མཚོ་སྔོན་ཞིང་ཆེན་སྐབས་གཉིས་པའི་མཚོ་སྔོན་པོ་རྟགས་མའི་རྡུང་ལེན་འགྲན་ཚོགས་མཇུག་བསྒྲིལ་པ།
མཚོ་སྔོན་ཞིང་ཆེན་སྐབས་གཉིས་པའི་མཚོ་སྔོན་པོ་རྟགས་མའི་རྡུང་ལེན་འགྲན་ཚོགས་མཇུག་བསྒྲིལ་པ།
ཉེ་ཆར། མཚོ་ལྷོ་ཁུལ་ཨུའི་དྲིལ་སྒྲོག་པུའུ་དང་། མཚོ་ལྷོ་ཁུལ་རིག་གནས་ལུས་རྩལ་ཅུའུ། འབབ་རྫོང་མི་དམངས་སྲིད་གཞུང་གིས་གཙོ་སྒྲུབ་དང་། མཚོ་ལྷོ་ཁུལ་མང་ཚོགས་སྒྱུ་རྩལ་ཁང་དང་འབའ་རྫོང་རིག་གནས་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ཡིས་འགན་སྒྲུབ་བྱས་ཤིང་། འབའ་རྫོང་སྒྲ་སྙན་རྡུང་ལེན་རིག་གནས་སྲུང་སྐྱོབ་མཐུན་ཚོགས་ཀྱིས་རོགས་སྒྲུབ་བྱས་པའི་མཚོ་སྔོན་ཞིང་ཆེན་སྐབས་གཉིས་པའི་མཚོ་སྔོན་པོ་རྟགས་མའི་རྡུང་ལེན་འགྲན་ཚོགས་དེ་འབའ་རྫོང་གཡང་གི་ར་བ་ནས་བདེ་ལེགས་ངང་མཇུག་བསྒྲིལ།
ཐེངས་འདིའི་འགྲན་ཚོགས་ལ་མཚོ་སྔོན་གྱི་ས་ཁུལ་སོ་སོ་ནས་ཡོང་བའི་རྡུང་ལེན་པ་ལྔ་བཅུ་ལྷག་ཞུགས་ཡོད་ལ། འགྲན་སྡུར་ལ་དྲང་བོ་དྲང་བཞག་ཅིག་ཡོང་ཆེད་ས་གནས་མི་འདྲ་བ་ནས་དཔྱད་འདེམས་པ་སྐོར་ཞིག་གདན་ཞུ་བྱས་ཡོད་དེ། དེ་དག་ནི་སོ་སོར་རྒྱལ་ཁབ་རིམ་པ་དང་པོའི་རྩོམ་པ་པོ་ཆབ་འགག་རྡོ་རྗེ་ཚེ་རིང་དང་། མཚོ་ལྷོ་ཁུལ་རིག་གནས་ལུས་རྩལ་ཅུའུ་ཡི་རྟོག་ཞིབ་པ་འཇམ་དབྱངས། རྨ་ཆུའི་རྡུང་ལེན་པ་རྡོ་རེད། མཚོ་ལྷོ་ཁུལ་མང་ཚོགས་སྒྱུ་རྩལ་ཁང་གི་འགོ་གཙོ་ནམ་མཁའ་ཚེ་རིང་། མཚོ་ལྷོ་ཁུལ་ཟློས་གར་ཁང་གི་གནམ་ལྷ་འབུམ། མཚོ་ནུབ་བརྙན་འཕྲིན་ཁང་གི་བོང་སྟག་རི་ལུ། མཚོ་ལྷོའི་རྡུང་ལེན་པ་རྡོ་རྗེ་ཚེ་བྷེ་བཅས་ཡིན་ལ། ཉིན་གཉིས་རིང་གི་འགྲན་རྩོད་བརྒྱུད་རྡུང་ལེན་པ་དྲུག་ལ་ཨང་རིམ་གྱི་བྱ་དགའ་དང་། རྡུང་ལེན་པ་ཉེར་བཞི་ལ་ཕུལ་བྱུང་བྱ་དགའ་ཐོབ་ཅིང་། དེ་ལས་བྱ་དགའ་ཨང་དང་པོ་ཐོབ་མཁན་ལ་སྒོར་ཁྲི་གཅིག་དང་། ཨང་གཉིས་པ་ཐོབ་མཁན་ལ་སོ་སོར་སྒོར་སྟོང་བརྒྱད་ཀྱི་དགའ་རྟགས། ཨང་གསུམ་པ་ཐོབ་མཁན་ལ་སོ་སོར་སྒོར་སྟོང་དྲུག་གི་དགའ་རྟགས་དང་། ཕུལ་བྱུང་བྱ་དགའ་ཐོབ་མཁན་ལ་སྒོར་སུམ་བརྒྱ་རེའི་ལེགས་སྐྱེས་གནང་།
འགྲན་སྡུར་མཇུག་སྒྲིལ་རྗེས་སུ། རྡུང་ལེན་པ་དག་ལ་མཚོ་ལྷོ་ཁུལ་མང་ཚོགས་སྒྱུ་རྩལ་ཁང་གིས་གཙོ་སྒྲུབ་དང་འབའ་རྫོང་སྒྲ་སྙན་རྡུང་ལེན་རིག་གནས་སྲུང་སྐྱོབ་མཐུན་ཚོགས་ཀྱིས་རོགས་སྒྲུབ་བྱས་པའི་ཉིན་བདུན་རིང་གི་ཟབ་སྦྱོང་འཛིན་གྲྭ་ཞིག་ཀྱང་སྤེལ་གྱིན་ཡོད་དོ།།
