མཚོ་སྔོན་པོའི་མཚོ་སྐོར་ལྕགས་རྟ་འགྲན་བསྡུར་གྱི་གསར་འགྱུར་ཁྱབ་སྤེལ་ཚོགས་འདུ་བསྡུས།
ཟླ5བའི་ཚེས22ཉིན། སྐབས་བཅུ་གསུམ་པའི་ཐེམ་ཡུའུ་ཏིའི་ནས་ཆང་བུམ་པའི་རྒྱལ་སྤྱིའི་མཚོ་སྔོན་པོའི་མཚོ་སྐོར་ལྕགས་རྟ་འགྲན་བསྡུར་གྱི་གསར་འགྱུར་ཁྱབ་སྤེལ་ཚོགས་འདུ་དེ་པེ་ཅིང་དུ་བསྡུས་ཤིང་། ཚོགས་འདུ་རུ་འགྲན་བསྡུར་རྣམ་གྲངས་ཀྱི་གནས་ཚུལ་དང་། འགྲན་བསྡུར་རྣམ་གྲངས་གྲ་སྒྲིག འགྲན་བསྡུར་རྣམ་གྲངས་ཀྱི་ཐུན་མོང་མ་ཡིན་པ་སོགས་ཀྱི་ཆ་ཁྱབ་བསྒྲགས་བྱས་ལ། རོགས་སྒྲུབ་པའི་ཕྱོགས་དང་རྩ་འཛུགས་ཨུ་ཡོན་ལྷན་ཚོགས་དབར་དངོས་སུ་ཆིངས་ཡིག་བཞག་པ་དང་། རྒྱལ་ཡོངས་ཀྱི་སྨྱན་བྱད་ལས་རིགས60ལྷག་ཐེངས་འདིའི་གསར་འགྱུར་ཁྱབ་སྤེལ་ཚོགས་འདུར་ཞུགས།
སྐབས་བཅུ་གསུམ་པའི་མཚོ་སྐོར་ལྕགས་རྟ་འགྲན་བསྡུར་ནི་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུའུ་དང་རྒྱལ་ཁབ་གསར་འགྱུར་པར་སྐྲུན་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ཅུའུ། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་བཅས་ཀྱིས་གཙོ་སྒྲུབ་དང་། ཀན་སུའུ་ཞིང་ཆེན་མི་དམངས་སྲིད་གཞུང་དང་ཉིན་ཤཱ་ཧོས་རིགས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ཆེད་དུ་གདན་འདྲེན་གྱིས་གཙོ་སྒྲུབ་ཏུ་ཞུགས་ཤིང་། ཟླ7པའི་ཚེས5ཉིན་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་དུ་མགོ་རྩོམ་མཛད་སྒོ་བསྡུ་རྒྱུ་ཡིན་པ་དང་། ཟླ7པའི་ཚེས6ནས་ཚེས19བར་མཚོ་སྔོན་དང་ཀན་སུའུ། ཉིན་ཤཱ་བཅས་ཞིང(ལྗོངས)གསུམ་དུ་འགྲན་བསྡུར་བྱེད་རྒྱུ་རེད།
ཐེངས་འདིའི་འགྲན་བསྡུར་ནི“ལྗང་མདོག་དང་། མི་ཆོས། འཆམ་མཐུན”བརྗོད་དོན་དུ་བཟུང་ཐོག ཕྱོགས་ཡོངས་ནས་མཚོ་སྔོན་དང་ཀན་སུའུ། ཉིན་ཤཱ་བཅས་ཀྱི་རང་བྱུང་མཛེས་ལྗོངས་ངོམས་པ་དང་། རང་འགུལ་སྒོས་ཐཱན་དམའ་དང་། ཁོར་སྲུང་། བདེ་ཐང་། དཔལ་ཡོན་བཅས་ཀྱི་སྐྱེ་ཁམས་འདུ་ཤེས་གཙོར་འདོན་པ་དང་། ནུབ་བྱང་གི་ཁྱད་དུ་འཕགས་པའི་མི་རིགས་ཀྱི་འཚོ་རྣམ་དང་། ལོ་རྒྱུས་ཀྱི་དོན་སྙིང་། སྣ་མང་རིག་གནས། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སོགས་ཀྱི་གྲུབ་འབྲས་དང་ཞིང(ལྗོངས)གསུམ་གྱི་ལུས་རྩལ་མཉམ་འབྲེལ་གྱི་མདུན་ལམ་སོགས་མངོན་པར་བཏོད་པ་རེད།
རྒྱུས་ལོན་པ་ལྟར་ན། ད་ལོའི་མཚོ་སྐོར་ལྕགས་རྟ་འགྲན་བསྡུར་གྱི་ལམ་ཐིག་ཡོངས་སུ་སྤྱི་ལེ3591དང་། དེ་ལས་འགྲན་བསྡུར་གྱི་བར་ཐག་ནི་སྤྱི་ལེ2201། སྐབས་སྔོན་མ་དང་བསྡུར་ན་སྤྱི་ལེ200ཁ་སྣོན་བྱས། འགྲན་རར་ཞུགས་པའི་བྱ་དགའི་དངུལ་དེ་སྐབས་སྔོན་མའི་ཨ་སྒོར་ཁྲི70ནས་ཨ་སྒོར་ཁྲི100ལ་བུད་པ་དང་ཡ་གླིང་གི་བྱ་དགའི་དངུལ་ཨང་དང་པོ་མུ་མཐུད་དུ་རྒྱུན་འཁྱོངས་བྱས། ཐོ་འགོད་བྱས་པའི་འགྲན་ཞུགས་རུ་ཁག50ལ་ཉེ་ཞིང་མཚོ་སྐོར་ལྕགས་རྟ་འགྲན་བསྡུར་ལོ་རྒྱུས་སྟེང་ཆེས་མང་བ་ཡིན་ལ། དེ་ལེགས་འདེམ་བྱས་པར་བརྒྱུད་རུ་ཁག22འགྲན་བསྡུར་དུ་ཞུགས་པ་ཡིན་ཏེ། རྒྱལ་ནང་གི་རུ་ཁག5དང་། རྒྱལ་ཕྱིའི་རུ་ཁག17། དེ་ལས་རྒྱལ་སྤྱིའི་ལྕགས་རྟའི་མནའ་འབྲེལUCIརྒྱལ་སྤྱིའི་ལས་རིགས་རུ་ཁག7། རྒྱལ་སྤྱིའི་རུ་ཁག15བཅས་འདུས། རུ་ཁག་སོ་སོའི་ལུས་རྩལ་པའི་མི་གྲངས7ནས9རུ་འཕར་སྣོན་བྱས་ལ། འགྲན་ཞུགས་པའི་མི་གྲངས་སྐབས་སྔོན་མ་དང་བསྡུར་ན་མི44ཁ་སྣོན་བྱས།
གཞན་ཡང་། ཟླ5བ་ནས་ཟླ8པའི་བར། རྩ་འཛུགས་ཨུ་ཡོན་ལྷན་ཚོགས་ཀྱིས་བསྟུད་མར་མང་ཚོགས་རང་བཞིན་གྱི་ལྕགས་རྟ་འགྲན་བསྡུར་དང་། མཚོ་སྐོར་གློག་འདོན་རླངས་འཁོར་འགྲན་བསྡུར། མཚོ་སྐོར་བྱིས་པའི་སྦྲག་སྲིད་ཇུས་འགོད་འགྲན་བསྡུར། མཚོ་སྐོར་ཡིག་གཟུགས་དང་པར་རིས་འགྲེམ་སྟོན། སློབ་ཆེན་སློབ་མའི་མཚོ་སྐོར་ལྕགས་རྟ་འགྲན་བསྡུར་སོགས་བྱ་འགུལ་སྤེལ་རྒྱུ་ཡིན་པ་རེད།