བོད་ལྗོངས་བསམ་ཡས་དགོན་པའི་ཞིག་གསོ་ལས་གྲྭ་བདེ་བླག་ངང་སྤེལ་བ།

བསམ་ཡས་དགོན་པའི་ཞིག་གསོ་ལས་གྲྭ་བདེ་བླག་ངང་སྤེལ་བ།
བསམ་ཡས་དགོན་པའི་ཞིག་གསོ་ལས་གྲྭ་བདེ་བླག་ངང་སྤེལ་བ།
རྒྱུས་ལོན་བྱུང་བ་ལྟར་ན་བོད་ལྗོངས་བསམ་ཡས་དགོན་པའི་ཞིག་གསོ་དང་སྲུང་སྐྱོབ་ལས་གྲྭ་ནི2010ལོའི་ཟླ9པར་འགོ་བརྩམས་པ་ཡིན་ཞིང་། མིག་སྔར་མ་དངུལ་སྒོར་ཁྲི1200བཏང་ལ། སྔོན་དཔག་བྱས་པ་ལྟར་ན་ད་ལོའི་ཟླ11པར་ལེགས་འགྲུབ་འབྱུང་རྒྱུ་རེད།
བསམ་ཡས་གཙུག་ལག་ཁང་འདི་ལ་ལོ་ངོ1200ལྷག་གི་ལོ་རྒྱུས་ལྡན་ཞིང་། སྤྱིའི་རྒྱ་ཁྱོནལ་སྨི་གྲུ་བཞི་མ་ཁྲི2.5ཡོད། བསམ་ཡས་གཙུག་ལག་ཁང་གི་མཐའ་བཞི་ལྕགས་རིས་བསྐོར་ལ་གླིང་བཞི་གླིང་ཕྲན་གྱིས་བརྒྱན་པ་སྟེ། ཤར་སྟོད་དུ་སད་མི་བདུན་རབ་ཏུ་བྱུང་གནས་རྣམ་དག་ཁྲིམས་ཁང་གླིང་དང་། ཤར་དབུས་སུ་ཆོས་དཔྱད་བྱ་ཡུལ་མཁྱེན་རབ་འཇམ་དཔལ་གླིང་། ཤར་སྨད་དུ་བརྡ་སློབ་ཁང་བརྡ་སྦྱོར་ཚང་མང་གླིང་། ལྷོ་སྟོད་དུ་སྔགས་ཀྱི་སྲི་གཏད་མནན་ཁང་བདུད་འདུལ་སྔགས་པ་གླིང་། ལྷོ་དབུས་སུ་བཙན་པོའི་རྟ་མགྲིན་སྒྲུབ་གནས་ཨརྱ་པ་ལོའི་གླིང་། ལྷོ་སྨད་དུ་ཆོས་སྒྱུར་ཁང་སྒྲ་སྒྱུར་རྒྱ་གར་གླིང་། ནུབ་སྟོད་དུ་ལུང་བསྟན་བེེ་ཙཱ་གླིང་། ནུབ་དབུས་སུ་དགའ་ལྡན་བྱམས་པ་གླིང་། ནུབ་སྨད་དུ་བསམ་གཏན་སྒོམ་ཁང་མི་གཡོ་བསམ་གཏན་གླིང་། བྱང་སྟོད་དུ་རིན་ཆེན་གཏེར་མཛོད་ཁང་རིན་ཆེན་སྣ་ཚོགས་གླིང་། བྱང་དབུས་སུ་སེམས་བསྐྱེད་བྱང་ཆུབ་གླིང་། བྱང་སྨད་དུ་མཛོད་ཁང་པེ་ཧར་དཀོར་མཛོད་གླིང་བཅས་དང་། ལྕགས་རིའི་ཕྱི་ལོགས་སུ་ཀ་ཆུ་ལྷ་ཁང་དང་། ཁམས་གསུམ་ཟངས་ཁང་གླིང་། དགེ་རྒྱས་བྱེ་མ་གླིང་། བུ་ཚལ་གསེར་ཁང་གླིང་བཅས་ཡོད།
