logo

ཕྱག་སོར་གྱི་འཁྱུག་འགྲོས་ཞེས་པའི་ཀརྨ་སྒར་བྲིས་ལུགས་ཀྱི་ཐང་གའི་འགྲེམ་སྟོན་སྤེལ་པ།

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-04-23 ཀློག་གྲངས།:


ཀརྨ་སྒར་བྲིས་ལུགས་ཀྱི་ཐང་གའི་འགྲེམ་སྟོན་སྤེལ་པ།
“指尖神韵”藏族唐卡噶玛嘎赤派传承人精品展开幕
ཀརྨ་སྒར་བྲིས་ལུགས་ཀྱི་ཐང་ག

  ཟླ4པའི་ཚེས23ཉིན། ཕྱག་སོར་གྱི་འཁྱུག་འགྲོས་ཞེས་པའི་ཀརྨ་སྒར་བྲིས་ལུགས་ཀྱི་ཐང་གའི་འགྲེམ་སྟོན་དེ་བོད་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་དུ་སྤེལ་ཞིང་། རྒྱུས་ལོན་པ་ལྟར་ན་ཐེངས་འདིའི་ཐང་གའི་འགྲེམ་སྟོན་སྟེང་ཀརྨ་བདེ་ལེགས་དང་བསམ་གྲུབ་ནོར་བུ་སོགས་ཀརྨ་སྒར་བྲིས་ལུགས་ཀྱི་ཐང་ག་རྒྱུན་འཛིན་པ་རྣམས་ཀྱི་བརྩམས་ཆོས་མཆོག་ཏུ་གྱུར་པ30ལྷག་བཀྲམ་པ་རེད།
 ཀརྨ་སྒར་བྲིས་ལུགས་ཀྱི་ཐང་གའི་བྱུང་འཕེལ་ངོ་སྤྲོད་མདོར་བསྡུས།
  ཀརྨ་སྒར་བྲིས་ཞེས་གྲགས་པའི་ཐང་གའི་བྲིས་རྒྱུན་ནི་ཀརྨ་པ་སྐུ་ཕྲེང་རིམ་བྱོན་གྱི་དུས་སུ་གསར་གཏོད་དང་འཕེལ་རྒྱས་བྱུང་བ་ཞིག་ཡིན་པས་དེ་ལྟར་བརྗོད། ཀརྨ་སྒར་བྲིས་ལ་རྙིང་པ་དང་། གསར་པ། རྗེ་བཅུ་པའི་ལུགས་བཅས་གསུམ་འདུག་པ་ལ་དང་པོ་ནི་དུས་རབས་བཅོ་ལྔ་པའི་ནང་དུ་ཀརྨ་པ་སྐུ་ཕྲེང་བདུན་པ་ཆོས་གྲགས་རྒྱ་མཚོའི་སྐུ་དུས་སུ་སྤྲུལ་སྐུ་ནམ་མཁའ་བཀྲ་ཤིས་ཀྱིས་ཐོག་མར་ཨེ་ནས་དཀོན་མཆོག་ཕན་བདེ་ལས་ལྷ་བྲིས་བསླབས་རྗེས་སྨན་ལུགས་གཞིར་བཞག་ཐོག་རྒྱ་ནག་གི་ཞིབ་བྲིས་ཀྱི་རྒྱུན་ལ་དཔེ་མཛད། སྲོག་ཆགས་དང་ཡུལ་སྣང་ཐམས་ཅད་ཕལ་ཆེར་རྒྱ་ནག་གི་ལུགས་སུ་བྱས་པའི་སྒར་ལུགས་ཞེས་པའི་སྲོལ་ཐོག་མར་གཏོད། ཕྱིས་སུ་ཀརྨ་རིན་ཆེན་སོགས་འགྲན་ཟླ་དང་བྲལ་པའི་ལྷ་བཟོ་དུ་མས་གོང་ནས་གོང་དུ་སྤེལ་བ་ལས་བྱུང་བའི་རྒྱུན་དེ་ལ་སྒར་ལུགས་རྙིང་པ་ཞེས་བརྗོད་ལ། ཕྱིས་སི་ཏུ་ཆོས་འབྱུང་གིས་གསར་གཏོད་མཛད་པ་དེ་ལ་དུས་སྔ་ཕྱིའི་དབང་གིས་སྒར་ལུགས་གསར་མ་ཞེས་གྲགས་ཚུལ་འོག་གི་ཆོས་འབྱུང་གི་རྣམ་ཐར་ལས་འཆད་འགྱུར་ལྟར་རོ། །
  ཀརྨ་པ་སྐུ་ཕྲེང་རིམ་བྱོན་ལས་ལྷ་བཟོ་མཁས་པ་མང་པོ་བྱོན་མྱོང་བ། ཞྭ་དམར་དྲུག་པ་ཆོས་ཀྱི་དབང་ཕྱུག་སོགས་ཀྱང་བྲིས་འབུར་གཉིས་ཀར་མཁས་པས་ཤར་ཀཾ་པོ་གངས་རིའི་རྟེན་བཞེངས་པ་ཕལ་ཆེ་ཁོང་གི་ཕྱག་བསྟར་དང་ཞལ་བཀོད་མཛད་ཚུལ་སོགས་མང་ཡང་འདིར་བརྗོད་བྱ་གཙོ་བོ་ནི་སྒར་ལུགས་ཀྱི་བྱུང་ཚུལ་ཡིན་པས་གཞན་རྣམས་མང་དུ་མ་སྨྲས་སོ། །

 


འབྲེལ་ཡོད་འོས་སྦྱོར།