ཁྱུང་མཆུ་རྫོང་དུ་རླངས་འཁོར་ཁ་ལོ་བའི་འཛིན་ཡིག་ལེན་པའི་བོད་ཡིག་གི་གཞུང་ལུགས་རྒྱུགས་གཞི་ཐོག་མ་བླངས་པ།

ཁྱུང་མཆུ་རྫོང་དུ་རླངས་འཁོར་ཁ་ལོ་བའི་འཛིན་ཡིག་ལེན་པའི་བོད་ཡིག་གི་གཞུང་ལུགས་རྒྱུགས་གཞི་ཐོག་མ་བླངས་པ།
ཟླ3པའི་ཚེས31ཉིན། སི་ཁྲོན་རྔ་བ་ཁུལ་གྱི་རླངས་འཁོར་ཁ་ལོ་བའི་འཛིན་ཡིག་གི་བོད་ཡིག་གི་གཞུང་ལུགས་རྒྱུགས་གཞི་དེ་ཁྱུང་མཆུ་རྫོང་དུ་བླངས་ཤིང་། དེས་འབྲོག་པ་མང་ཚོགས་ཀྱིས་བོད་ཡིག་གི་གཞུང་ལུགས་རྒྱུགས་གཞི་ལ་བརྒྱུད་ནས་རླངས་འཁོར་ཁ་ལོ་བའི་འཛིན་ཡིག་ལེན་པའི་སྟོངས་ཆ་བསྐངས་ཐུབ་པ་རེད།

རྒྱུགས་གཞི་ལེན་པའི་ཡུལ་དངོས།
རྔ་བའི་འབྲོག་ཁུལ་གྱི་སྤྱི་ཚོགས་དཔལ་འབྱོར་མགྱོགས་མྱུར་སྒོས་གོང་དུ་འཕེལ་བ་དང་བསྟུན་ནས་རོང་འབྲོག་པའི་འཚོ་བའི་ཆ་རྐྱེན་ཇེ་ལེགས་སུ་སོང་ལ། སྒེར་གྱི་རླངས་འཁོར་ཉོ་མཁན་ཡང་ཇེ་མང་དུ་ཕྱིན། ཡིན་ཡང་ཁུལ་ཡོངས་ཀྱི་རོང་འབྲོག་མང་ཚོགས་ཀྱི་རྒྱ་ཡིག་གི་རིག་གནས་ཆུ་ཚད་དམའ་བའི་རྐྱེན་གྱིས་རླངས་འཁོར་ཁ་ལོ་བའི་འཛིན་ཡིག་ལེན་པའི་གཞུང་ལུགས་རྒྱུགས་གཞི་ལེན་ཐུབ་མཁན་ཧ་ཅང་ཉུང་། དེ་བས་ཁུལ་དམངས་ཆེན་གྱི་འཐུས་མི་དང་ཁུལ་སྲིད་གྲོས་ཀྱི་ཨུ་ཡོན་གྱིས་ཁྱུང་མཆུ་རྫོང་དུ་རླངས་འཁོར་ཁ་ལོ་བའི་འཛིན་ཡིག་གི་བོད་ཡིག་གི་གཞུང་ལུགས་རྒྱུགས་གཞི་ལེན་པའི་ས་གནས་འཛུགས་པའི་གྲོས་གཞི་བཏོན་པ་ལྟར་རྒྱུགས་ལེན་ས་གནས་བཙུགས་པར་མ་ཟད། རླངས་འཁོར་ཁ་ལོ་བའི་འཛིན་ཡིག་ལེན་པའི་བོད་ཡིག་གི་གཞུང་ལུགས་རྒྱུགས་གཞི་ཐེངས་དང་པོ་དེ་བླངས།
རྒྱུས་ལོན་པ་ལྟར་ན་ཁྱུང་མཆུ་རྫོང་གིས་རླངས་འཁོར་ཁ་ལོ་བའི་འཛིན་ཡིག་ལེན་པའི་བོད་ཡིག་གི་གཞུང་ལུགས་རྒྱུགས་གཞིའི་ཁྲོད་ཁྲིམས་ལུགས་ཁྲིམས་སྲོལ་གྱི་དྲི་གཞི20%བཞག་ཡོད་པས། སྤྱི་དམངས་ཀྱི་ཁྲིམས་ལུགས་ཤེས་བྱ་ཁྱབ་བརྡལ་དུ་གཏོང་བར་ཡང་སྐུལ་འདེད་ཀྱི་ནུས་པ་ཆེན་པོ་ཐོན་པ་རེད།
