logo

ཚེས19ཉིན་སྨན་རིའི་དགེ་བཤེས་གཉའ་བསྟན་འཛིན་ལྷུན་གྲུབ་གློ་བུར་དུ་ཞིང་གཤེགས།

རྩོམ་པ་པོ།:ཁྲི་གཡུང་དྲུང་། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-03-26 ཀློག་གྲངས།:

ཚེས19ཉིན་སྨན་རིའི་དགེ་བཤེས་གཉའ་བསྟན་འཛིན་ལྷུན་གྲུབ་གློ་བུར་དུ་ཞིང་གཤེགས།
སྨན་རིའི་དགེ་བཤེས་གཉའ་བསྟན་འཛིན་ལྷུན་གྲུབ།

      དགེ་བཤེས་བསྟན་འཛིན་ལྷུན་གྲུབ་ལགས་གཡུང་དྲུང་བོན་གྱི་གདན་ས་ཆེན་མོ་དཔལ་གཤེན་བསྟན་སྨན་རིའི་གླིང་གི་སྐབས་བཅུ་བདུན་པའི་དགེ་བཤེས་བཅུ་གཉིས་ཡོད་པའི་ཨང་རིམ་གསུམ་པ་དེ་རེད།  ཕྱི་ལོ2014ལོའི་ཟླ3པའི་ཚེས8ཉིན་ཁོང་གི་དགེ་བཤེས་གཏོང་སྒོ་ཆེན་མོ་དང་སྔོན་འགྲོའི་གཞུང་བཤད་སོགས་གནང་ཡོད་པ་དང་། ཚེས13 ཉིན་གྱི་སྔ་དྲོར་ངག་རྒྱུགས་དམ་བཅའ་དང་ཕྱི་དྲོར་རྩོད་རྒྱུགས་དམ་བཅའ་ཆེན་མོར་བཞུགས་གནང་མཛད།
      ཟླ3པའི་ཚེས17ཉིན་གྱི་སྔ་དྲོའི་ཕྱག་ཚོད10ཙམ་ལ་དཔལ་གཤེན་བསྟན་སྨན་རིའི་གཙུག་ལག་ཁང་དུ་བཀྲ་ཤིས་དམ་བཅར་བཞུགས་ཡོད་པ་དང་། ཉིན་རྒྱབ་ཕྱག་ཚོད་དང་པོ་ཙམ་ལ་ཞྭ་དཀར་བསྟན་པའི་གཙུག་རྒྱན་སྐྱབས་རྗེ་རྒྱལ་བ་སྨན་རི་བའི་མདུན་ནས་གཡུང་དྲུང་བོན་གྱི་མདོ་སྔགས་སེམས་གསུམ་གྱི་གཞུང་ཆེན་ཡིག་ཆ་རྣམས་དང་རིག་པའི་གནས་བཅས་ལ་གསན་སྦྱངས་ཚུལ་མཐུན་མཛད་དེ། སྟོན་པ་སངས་རྒྱས་གཤེན་རབ་མི་བོ་བདེ་བར་གཤེགས་ནས་མི་ལོ9831བོད་ཤིང་རྟ་ལོར་དཔལ་གཤེན་བསྟན་སྨན་རིའི་གླིང་དུ་དམ་འཇོག་གནང་བས་སྦྱོང་རྒྱུགས་ཚད་མཐོར་ཐོན་པའི་འབྲས་རྟགས་བཀའ་རབ་འབྱམས་པ་དགེ་བའི་བཤེས་གཉེན་ཆེན་པོའི་ཕྱག་འཁྱེར་བཞེས་གནང་སྟེ་སྐལ་བཟང་ཁྲི་སྟོན་གྱི་མཛད་སྒོ་སྤེལ་ནས་བོན་གཞིས་སེར་སྐྱ་མང་ཚོགས་ཡོངས་ཀྱིས་མཇལ་བཅར་ཞུས་ཏེ་“བསྐལ་པ་བཟང”ཞེས་རྟེན་འབྲེལ་དང་མནྚལ་རྟེན་དོད་སོགས་ཕུལ་ཏེ་མཛད་སྒོ་རྒྱལ་ཁའི་ངང་ལེགས་གྲུབ་བྱུང་ཡོད་པ་དང་། ཕྱི་ཉིན་ཕྱི་ཚེས18ཉིན་ཕྱི་རྒྱལ་ཡུལ་གྲུ་ཁག་ནས་ཕེབས་པའི་སྐུ་མགྲོན་རྣམས་དང་བོན་གཞིས་སློབ་ཕྲུག་སེར་སྐྱ་མང་ཚོགས་ཡོངས་ལ་གསོལ་ཚིགས་རྒྱས་འབུལ་ཞུས་ནས་སྐབས་བཅུ་བདུན་པའི་སྨན་རིའི་དགེ་བཤེས་མཛད་སྒོ་ཡོངས་སུ་ལེགས་གྲུབ་ཞུས།
      ཟླ3པའི་ཚེས19ཉིན་གྱི་སྔ་དྲོའི་ཕྱག་ཚོད9:00ཙམ་ལ་གློ་བུར་དུ་སྙུང་གཞི་ཞིག་འཕར་ཏེ་ཕྱག་ཚོད་བཅུ་གཅིག་ཙམ་ལ་ས་གནས་སོ་ལནSOLANསྨན་ཁང་དུ་སྐུ་གཤེགས་པའི་ཡིད་སྐྱོ་བའི་གནས་ཚུལ་བྱུང་།

སྨན་རིའི་དགེ་བཤེས་གཉའ་བསྟན་འཛིན་ལྷུན་གྲུབ།
      ཞིང་གཤེགས་དམ་པ་༧སྨན་རིའི་དགེ་བཤེས་གཉའ་བསྟན་འཛིན་ལྷུན་གྲུབ་ལགས་ནི་ 1974ལོའི་ཟླ2པའི་ཚེས3ཉིན་མདོ་སྨད་མཚོ་སྔོན་བཱ་ཡན་(དཔའ་ལུང་)རྫོང་ཁོངས་སུ་ སྐུ་འཁྲུངས་ཤིང་ས་གནས་སློབ་ཆུང་ནས་སློབ་འབྲིང་མཐར་ཕྱིན་པར་མཛད།  ཕྱི་ལོ1996 ལོར་རྒྱ་གར་འཕགས་ཡུལ་དུ་འབྱོར་ནས་ཤེས་རབ་དགའ་ཚལ་སློབ་གླིང་སོགས་སུ་དབྱིན་ ཡིག་སོགས་ལ་སློབ་སྦྱོང་གནང་ཡོད་པ་དང་། ཕྱི་ལོ1997ཟླ12པའི་ཚེས12ཉིན་གཡུང་དྲུང་བོན་གྱི་གདན་ས་སྨན་རིའི་གླིང་དུ་ འབྱོར་ནས་རབ་བྱུང་གི་སྒྲིག་ཞུགས་ཞུས་ཤིང་། ཕྱི་ལོ2003ཟླ3པའི་ཚེས18ཉིན་རྒྱལ་བ་སྨན་རིའི་མཁན་སློབ་རྣམས་ཀྱི་དྲུང་དུ་དག་ པ་དྲང་སྲོང་ངམ་དགེ་སློང་གི་སྡོམ་ཁྲིམས་བཞེས་ཡོད།
      ཕྱི་ལོ1998ཟླ4བའི་ཚེས3ཉིན་གཡུང་དྲུང་བོན་གྱི་བཤད་སྒྲུབ་འདུས་སྡེའི་སློབ་ ཁོངས་སུ་ཞུགས་ཏེ་གཡུང་དྲུང་བོན་གྱི་ཐུན་མོང་མ་ཡིན་པའི་གཞུང་ཆེན་བཀའ་པོད་ དྲུག་དང་ཐུན་མོང་རིག་གནས་བཅས་ལ་སློབ་གཉེར་ཚུལ་བཞིན་མཛད་དེ་ཕྱི་ལོ2012ལོར་ སྨན་རིའི་སློབ་གཉེར་བ་ཡོངས་ཀྱི་ཁོངས་ནས་ལོ་འཁོར་ཡིག་རྒྱུགས་ཆེན་མོའི་སྐབས་ ཨང་དང་པོ་བླངས་ཡོད་པ་དང་ཕྱི་ལོ2013ལོར་ཡང་སྨན་རིའི་སློབ་གཉེར་བ་ཡོངས་ཀྱི་ ཁོངས་ནས་ཡིག་རྒྱུགས་ཨང་དང་པོར་ཐོབ་ཡོད་པ་དང་། ཕྱི་ལོ2014ཟླ3པའི་ཚེས17ཉིན་སྐྱབས་རྗེ་རྒྱལ་བ་སྨན་རིའི་མཁན་སློབ་གཉིས་ཀྱི་ དྲུང་ནས་བཀའ་རབ་འབྱམས་པ་དགེ་བའི་བཤེས་གཉེན་ཆེན་མོའི་མཚན་རྟགས་བཞེས་ཡོད་པ་ བཅས་ཀྱི་གནས་བསྡུས་ཙམ་དུ་གང་གི་གྲོགས་ཀྱི་ཐུ་བོ་ཁྲི་གཡུང་དྲུང་དུ་འབོད་པས་ ཕྱི་ལོ2014ཟླ3ཚེས24ཉིན་བྲེལ་བྲིས་སུ་བགྱིས་པ་དགེ།


འབྲེལ་ཡོད་འོས་སྦྱོར།