ཡུལ་ཤུལ་ནང་ཆེན་རྫོང་ཟུར་མང་ཡུལ་དུ་ཁོར་ཡུག་སྲུང་སྐྱོབ་ཀྱི་མཛད་སྒོ་སྤེལ་བ།
འགྲོ་བ་མི་གཙོས་པའི་སྐྱེ་འགྲོ་གྲངས་མེད་པ་ཞིག་འཚོ་སྡོད་བྱ་སའི་གནས་ཁྱད་པར་ཅན་ནི་སའི་གོ་ལ་མ་གཏོགས་མེད་པས་འུ་ཚོ་འགྲོ་བ་མིས་ཡུན་ནས་ཡུན་དུ་གཅེས་སྐྱོང་བྱེད་འོས། སྔ་ནས་ད་བར་དུ་འཇིག་པའི་རྐྱེན་མང་པོས་ཁོར་ཡུག་ལ་གནོད་འཚེ་ཚབ་ཆེན་བྱུང་དང་འབྱུང་བཞིན་ཡོད་པ་ཀུན་གྱིས་ཤེས་གསལ་ལྟར་རེད། འདི་ལྟར་མུ་ནས་ལོ་ངོ་འགའ་ལ་སོང་ཚེ་སྣོད་བཅུད་ཀྱི་འཇིག་རྟེན་ཆེན་པོ་འདི་འཇིག་མི་འགྲོ་བའི་ངེས་པ་གཏན་ནས་རྙེད་དཀའ་བས་ཁོར་ཡུག་སྲུང་སྐྱོབ་ཆེད་དུ་འབད་པ་བྱེད་རྒྱུ་ནི་ཤིན་ཏུ་གལ་ཆེ་བ་ལ་ཨང་།
དེའི་ཕྱིར་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་ནང་ཆེན་རྫོང་ཟུར་མང་ཕ་ཁྱིམ་གཅེས་ཚོགས་པས་ཁོར་སྲུང་སློབ་གསོའི་སྐུལ་འདེད་དང་། ཁོར་ཡུག་སྲུང་སྐྱོབ་ཀྱི་བྱ་བ་དངོས་དང་། ཚོགས་པ་ཁག་མཐུན་ལམ་ཡོང་བར་དམིགས་ནས་ཁོར་ཡུག་སྲུང་སྐྱོབ་ཀྱི་དོན་དུ་འབད་པ་དང་ངལ་རྩོལ་བྱེད་བཞིན་པའི་ཟུར་མང་སྒེར་རུའི་ཁོར་སྲུང་གི་ཚོགས་པ་དག་མཉམ་འབྲེལ་གྱིས་ཉིན་གཉིས་ཀྱི་རིང་ལ་ཁོར་ཡུག་སྲུང་སྐྱོབ་ཀྱི་མཛད་སྒོ་བསྡུས། མཛད་སྒོ་འདིའི་ཐོག་ཏུ་ཟུར་མང་དགོན་པའི་མཁན་སྤྲུལ་རྣམ་པ་དང་། ལས་འཛིན་པ་རྣམ་པ། ཕྱོགས་ཡར་མར་གྱི་ཁོར་སྲུང་ཚོགས་པ་ཁག་དང་། སྐུ་མགྲོན་མང་པོ་གདན་འདྲེན་བྱས་ནས་གཟབ་རྒྱས་ངང་ཚོགས་པ་དང་། ཚོགས་ཞུགས་མི་སྣས་ཁོར་ཡུག་སྲུང་སྐྱོབ་སྐོར་ནས་བཀའ་སློབ་དང་གཏམ་བཤད་མང་པོ་སྤེལ་བ་རེད།
ད་དུང་ཁོར་ཡུག་སྲུང་སྐྱོབ་ཀྱི་ཕྱོགས་ནས་བྱ་བ་བསྒྲུབས་དང་སྒྲུབ་བཞིན་པའི་ཟུར་མང་སྒེར་རུའི་ཚོགས་པ་ཁག་ནས་ཁོར་སྲུང་གི་ལས་ཀ་ཆེས་ཆེ་བ་དག་བདམས་ཏེ་ཕུལ་བྱུང་གི་གཟེངས་རྟགས་ཕུལ་ལ། དེ་ཡང2013ལོའི་ཡན་ཆོད་ནས་བཙུགས་པའི་ཟུར་མང་སྒེར་རུའི་ཁོར་སྲུང་གི་ཚོགས་པ15མཉམ་ཞུགས་བྱས་ཤིང་འདི་ནང་ནས་ཚོགས་པ་ལྔ་ལ་ཕུལ་བྱུང་གི་གཟེངས་རྟགས་ཐོབ་པ་རེད། ཕུལ་བྱུང་བྱ་དགའ་ལ། ཕུལ་བྱུང་གི་གཟེངས་རྟགས་དང་། དམངས་སྒོར2000། 《ལྗང་མདོག་གི་བློ་འབྱེད》ཅེས་པའི་ཁོར་སྲུང་གི་དེབ་བཅས་ཕུལ་བ་དང་། གཞན་མཉམ་ཞུགས་ཀྱི་ཚོགས་པ10ལ་གཟེངས་རྟགས་དང་། དམངས་སྒོར200། 《ལྗང་མདོག་གི་བློ་འབྱེད》ཅེས་པའི་དེབ་བཅས་ལེགས་སྐྱེས་སུ་ཕུལ།
མཐར་ཚོགས་པ་འདིར་ཐུགས་ཁུར་དང་རྒྱབ་སྐྱོར་གནང་མཁན་ཡོངས་ལ་བཀའ་དྲིན་ཆེ་ཞུ་བ་དང་། ད་དུང་འདི་བཞིན་མུ་མཐུད་དུ་རོགས་རམ་གནང་རྒྱུའི་རེ་བ་དང་སྨོན་འདུན་གྲངས་མེད་ཞུ།