ཡོངས་འཛིན་འཚོལ་བཤེར་མ་ལག་གི་བོད་ཡིག་གྲངས་མཛོད་ཀྱི་རྩོམ་སྒྲིག་དང་ཡིག་གཏག་མི་སྣ་བསྡུ་བའི་བསྒྲག་ཡིག
མཚོ་ལྷོ་ཁུལ་བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་ལྟེ་གནས་ཀྱིས2014ལོའི་ཟླ4པ་ནས་བཟུང་བོད་ཡིག་འཚོལ་བཤེར་མ་ལག་འདོན་སྤེལ་གྱི་ལས་གཞིའི་འགོ་ཚུགས་ཤིང་། འཚོལ་བཤེར་མ་ལག་གི་མིང་ལ་བོད་ཡིག་ཏུ “ཡོངས་འཛིན”དང་། རྒྱ་ཡིག་ཏུ“云藏”ཞེས་སུ་བཏགས། དྲ་གནས་ཀྱི་མིང་ལ“www.yongzin.com”ཞེས་ཐོ་འགོད་བྱས། འཚོལ་བཤེར་མ་ལག་འདིའི་ཁོངས་སུ་གསར་འགྱུར་དང་། དྲ་ངོས། རིག་མཛོད། ཡིག་མཛོད། བརྙན་གཟུགས། པར་རིས། དྲི་བ་དྲིས་ལན་བཅས་མ་ལག་བདུན་གྱི་འཛུགས་སྐྲུན་འདུས་ལ། མིག་སྔར་ལག་བསྟར་བྱེད་བཞིན་པའི་སྒང་ཡིན། ལས་གཞི་འགོ་བརྩམས་རྗེས་ངེད་ལྟེ་གནས་ཀྱིས་བོད་ཡིག་འཚོལ་བཤེར་མ་ལག་འདོན་སྤེལ་བྱེད་པའི་མཚུངས་སུ། ཡོན་ཚད་དང་ནུས་པ་ལེགས་པའི་དཔུང་སྡེ་ཧྲག་པོ་བསྒྲིགས་ཏེ་བོད་ཡིག་འཚོལ་བཤེར་མ་ལག་གི་གྲངས་མཛོད་འཛུགས་སྐྲུན་བྱེད་བཞིན་ཡོད། དེ་བས་བོད་ཀྱི་རིག་གནས་ཀྱི་ཐོན་ཁུངས་འཚོལ་བསྡུ་དང་བོད་ཡིག་གྲངས་མཛོད་ཕུན་སུམ་ཚོགས་པར་གཏོང་བར་འཇོན་མིའི་རྒྱབ་རྟེན་བརྟན་པོ་ཞིག་འདོན་སྤྲོད་བྱ་ཆེད། མཚོ་ལྷོ་ཁུལ་བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་ལྟེ་གནས་ཀྱིས་སྤྱི་ཚོགས་ཡོངས་སུ་ཡོངས་འཛིན་བོད་ཡིག་འཚོལ་བཤེར་མ་ལག་གི་གྲངས་མཛོད་འཛུགས་སྐྲུན་ལས་གཞིའི་གནས་སྐབས་ཀྱི་རྩོམ་སྒྲིག་དང་ཡིག་གཏག་མི་སྣ་མི20བསྡུ་རྒྱུ་ཡིན་པས། འབྲེལ་ཡོད་ཀྱི་གནས་ཚུལ་གཤམ་གསལ་ལྟར་སྤྱི་བསྒྲགས་བྱས་པ་སྟེ།
གཅིག རྒྱུགས་ཞུགས་མི་སྣའི་ཐོབ་ཐང་དང་ཆ་རྐྱེན།
1.ཆབ་སྲིད་ཀྱི་བྱང་ཚད་དང་བྱ་བའི་སྤྱོད་སྟངས། ལས་རིགས་ཀྱི་ཀུན་སྤྱོད་སོགས་ལེགས་པོ་ཡིན་དགོས།
2.རྩ་འཛུགས་ཀྱི་བཀོད་སྒྲིག་དང་ལེན་བྱེད་ཅིང་། སྒྲིག་ཁྲིམས་བརྩི་སྲུང་བྱེད་པ་དང་། བྱ་བའི་ལས་འགན་ནན་ཏན་གྱིས་ལག་བསྟར་བྱེད་དགོས།
3.ཉིན་ཧྲིལ་བོའི་ལམ་ལུགས་ཀྱི་དངོས་གཞི(དངོས་གཞི་ཁོངས་སུ་འདུས)ཡན་གྱི་བོད་ཀྱི་སྐད་བརྡ་དང་རྩོམ་རིག་ཆེད་ལས་དང་། དེ་དང་འབྲེལ་ཡོད་ཀྱི་ཆེད་ལས་ཡིན་དགོས།
4.ལས་ཀ་བསྒྲུབ་པའི་འཇོན་ཐང་ཆེ་ཞིང་། རྩིས་འཁོར་གྱི་རྒྱུན་སྤྱོད་མཉེན་ཆས་དང་ཧི་མ་ལ་ཡའི་ཡིག་གཟུགས་གཏག་པར་བྱང་ཆ་ལྡན་དགོས།
5.ལོ་ཚོད་ལ་ཚོད་བཀག་མེད།
གཉིས། རྩ་འཛུགས་དང་འགོ་ཁྲིད།
ཐེངས་འདིའི་གནས་སྐབས་ཀྱི་ཡིག་གཏག་དང་རྩོམ་སྒྲིག་མི་སྣ་བསྡུ་བའི་འབྲེལ་ཡོད་བྱ་བ་ཡོངས་མཚོ་ལྷོ་ཁུལ་བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་ལྟེ་གནས་ཀྱི་རྩ་འཛུགས་འོག་སྤེལ་བ་ཡིན།
གསུམ། མི་སྣ་བསྡུ་བའི་རྩ་དོན།
ཡོངས་བསྒྲགས་དང་། འདྲ་མཉམ། དྲང་གཞག ལེགས་འདེམ་གྱི་རྩ་དོན་ལྟར་དཔྱད་ཞིབ་དང་ཁ་རྒྱུགས་ལེན་རྒྱུ་ཡིན།
བཞི། རྒྱུགས་ཞུགས་ཀྱི་གོ་རིམ་དང་བྱེད་ཐབས།
(གཅིག) མིང་ཐོ་འགོད་པའི་དུས་ཚོད།
2014ལོའི་ཟླ3པའི་ཚེས1ཉིན་ནས2014ལོའི་ཟླ3པའི་ཚེས15ཉིན་བར།
(གཉིས) རྒྱུགས་ཞུགས་ཀྱི་བླངས་བྱ།
གདན་ཞུགས་མི་སྣས་རང་ཉིད་ཀྱི་གནས་ཚུལ་རགས་བསྡུས་དང་། མཐར་ཕྱིན་འཛིན་ཡིག ཐོབ་ཐང་ལག་འཁྱེར་བཅས་ཀྱི་མ་ཡིག་དང་དཔར་ཡིག་གཅིག་རེ་མཚོ་ལྷོ་ཁུལ་བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་ལྟེ་གནས་སུ་སྤྲོད་དགོས།
(གསུམ) རྒྱུགས་ལེན་སྟངས།
མཚོ་ལྷོ་ཁུལ་བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་ལྟེ་གནས་ཀྱིས་གདན་ཞུགས་མི་སྣར་ཁ་རྒྱུགས་དང་ལག་ལེན་དངོས་འཇུག་གི་གོ་རིམ་བརྒྱུད་ནས་འབྲེལ་ཡོད་ཤེས་བྱ་དང་འཇོན་ནུས་ལ་གཞིགས་ཏེ་མི་སྣ་བསྡུ་རྒྱུ་ཡིན།
ལྔ། མི་སྣ་བཀོལ་སྤྱོད་ཀྱི་བྱེད་ཐབས་དང་ཟླ་ཕོགས།
(གཅིག)རྒྱུགས་ཞུགས་མི་སྣས་ཁ་རྒྱུགས་འཕྲོད་རྗེས་འབྲེལ་ཡོད་ཀྱི་གཏན་འབེབས་ལྟར་ངལ་རྩོལ་གྱི་གན་རྒྱ་འཇོག་དགོས། ངལ་རྩོལ་གྱི་གན་རྒྱའི་དུས་ཡུན་ལོ་གཅིག་ཡིན་པ་དང་། དེའི་ཁྲོད་ཚོད་ལྟའི་དུས་ཡུན་ཟླ་གཅིག་ཡིན། ཚོད་ལྟའི་དུས་ཡུན་ནང་བྱ་བ་བསྒྲུབ་པའི་འཇོན་ནུས་ཞན་ན་གན་རྒྱ་ཕྱིར་འཐེན་བྱེད་རྒྱུ་ཡིན། བྱ་བ་ལེགས་འགྲུབ་བྱུང་བའི་གནས་ཚུལ་དང་མི་སྒེར་གྱི་སྤྱོད་སྟངས་བཟང་ན་མུ་མཐུད་དུ་ངལ་རྩོལ་གན་རྒྱ་བཞག་ཆོག
(གཉིས)རྩོམ་སྒྲིག་དང་ཡིག་གཏག་མི་སྣའི་ཟླ་ཕོགས་སྒོར1600ཡིན་པ་དང་། ཚོད་ལྟའི་དུས་ཡུན་ནང་ཟླ་ཕོགས་སྒོར1200ཡིན། འདུག་གནས་དང་བཟའ་བཏུང་གི་འགྲོ་གྲོན་རང་གིས་འཁུར་དགོས།
དྲུག འབྲེལ་གཏུག་བྱ་ཡུལ།
ཁ་པར་ཨང་གྲངས། 0974-8522228
ལས་ཁུངས་ཀྱི་སྡོད་གནས། མཚོ་ལྷོ་ཁུལ་སྲིད་གཞུང་གི་ཐོག་ཁང་གསུམ་པའི་སུམ་ཐོག
འབྲེལ་གཏུག་མི་སྣ། རྡོ་རྗེ་རབ་བརྟན།
མཚོ་ལྷོ་ཁུལ་བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་ལྟེ་གནས།
2014ལོའི་ཟླ3པའི་ཚེས1ཉིན།