མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་གྱི2013ལོའི་བོད་སྐད་ཡིག་བྱ་བར་གྲུབ་འབྲས་མངོན་གསལ་བྱུང་བ།
མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བོད་སྐད་ཨུ་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་གྲོས་ཚོགས་དེ་ཆབ་ཆ་གྲོང་རྡལ་དུ་བསྡུས།
ཉེ་ལམ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བོད་སྐད་ཨུ་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་གྲོས་ཚོགས་དེ་ཆབ་ཆ་གྲོང་རྡལ་དུ་བསྡུས་ཤིང་། ཁུལ་དང་རྫོང་སོ་སོའི་བོད་སྐད་ཨུ་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་དང་ཀྲུའུ་རིན་གཞོན་པ། ཁུལ་བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རིན། དེ་མིན་ཁུལ་བོད་སྐད་ཡིག་བྱ་བའི་ཨུ་ཡོན་ལྷན་ཁང་གི་ལས་སྒྲུབ་པ་ཡོངས་ཐེངས་འདིའི་གྲོས་ཚོགས་སུ་ཞུགས་པ་དང་། ཚོགས་ཐོག་ཏུ་མཚོ་ལྷོ་ཁུལ་གྱི2013ལོའི་བོད་སྐད་ཡིག་བྱ་བར་སྤྱི་བསྡོམས་མཛད་དེ2014ལོའི་བྱ་བའི་འཆར་བཀོད་གནང་བ་མ་ཟད2013ལོའི་སྔོན་ཐོན་ཐུན་མོང་དང་མི་སྒེར་ལ་གཟེངས་རྟགས་གནང་།
མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་བོད་སྐད་ཨུ་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་གྲོས་ཚོགས།
གྲོས་ཚོགས་སུ། རྫོང་སོ་སོའི་བོད་སྐད་ཨུ་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་དང་མཚོ་ལྷོ་ཁུལ་བོད་སྐད་ཡིག་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཚན་ཁག་སོ་སོའི་འགན་ཁུར་བ། མཚོ་ལྷོ་ཁུལ་བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རིན་བཅས་ཀྱིས2013ལོའི་གལ་ཆེ་བའི་བྱ་བ་དང་གྲུབ་འབྲས་ཐད་ནས་སྙན་ཞུ་མཛད་པ་མ་ཟད་རང་སྟེང་གི་བྱ་བའི་དངོས་དང་ཁྱད་ཆོས་ལ་སྦྱར་ཏེ2014ལོའི་བྱ་བའི་འཆར་བཀོད་གནང་།
སྔོན་ཐོན་ཐུན་མོང་དང་མི་སྒེར་ལ་བྱ་དགའ་གནང་བ།
མཐར། མཚོ་ལྷོ་ཁུལ་བོད་སྐད་ཡིག་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཏང་རྩ་འཛུགས་ཧྲུའུ་ཅི་དང་ཀྲུའུ་རིན། མཚོ་སྔོན་པོ་དྲ་བའི་སྤྱི་ཁྱབ་ལྟ་སྐུལ་བ་ཚེ་ལོ་ཡིས་གཏམ་བཤད་གལ་ཆེན་གནང་སྟེ། རྫོང་སོ་སོའི་བོད་སྐད་ཨུ་གཞུང་སྒྲུབ་ཁང་དང་། ཁུལ་བོད་སྐད་ཨུ་གཞུང་སྒྲུབ་ཁང་གི་ཚན་ཁག་སོ་སོ། བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་ལྟེ་གནས་བཅས་ཀྱི2013ལོའི་བྱ་བར་དཔྱད་འཇོག་དང་། བྱ་བའི་མི་འདང་སར་ལེགས་བཅོས་ཀྱི་བསམ་འཆར་བཏོན་པ་དང་ཆབས་ཅིག རྫོང་སོ་སོའི་བོད་སྐད་ཨུ་གཞུང་སྒྲུབ་ཁང་དང་མཚོ་ལྷོ་ཁུལ་བོད་ཡིག་ཆ་འཕྲིན་ཞིབ་འཇུག་ལྟེ་གནས། ཁུལ་བོད་སྐད་ཡིག་བྱ་བའི་ཨུ་ཡོན་ལྷན་ཁང་བཅས་དང2014ལོའི་དམིགས་འཁྲིའི་ཡི་གེ་བཀོད་ཅིང་། བདམས་ཐོན་བྱུང་བའི་སྔོན་ཐོན་ཐུན་མོང་བྲག་དཀར་རྫོང་བོད་སྐད་ཨུ་གཞུང་སྒྲུབ་ཁང་དང་མཚོ་ལྷོ་ཁུལ་བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་ལྟེ་གནས། སྔོན་ཐོན་བཞི་བཅས་ལ་བྱ་དགའ་གནང་བ་རེད།
2014ལོའི་དམིགས་འཁྲིའི་ཡི་གེ་འགོད་པ།
2013ལོའི་མཚོ་ལྷོ་ཁུལ་བོད་སྐད་ཨུ་བྱ་བར་གྲུབ་འབྲས་མངོན་ལྡན་པ།
བོད་ཡིག་ཆ་འཕྲིན་ཅན་བྱ་བར་སྔ་ན་མེད་པའི་འཕེལ་འགྱུར་ལྡན་ཞིང་། མཚོ་ལྷོ་ཁུལ་བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་ལྟེ་གནས་ཀྱིས་གཙོ་སྒྲུབ་སྔོག་འདོན་བྱེད་པའི་བོད་ཡིག་འཚོལ་བཤེར་མ་ལག་འཛུགས་སྐྲུན་བྱ་བ་ཡོངས་སུ་མགོ་བརྩམས་པ་དང་། ལས་གཞི་མགོ་བརྩམས་པ་ནས་བཟུང་མཚོ་ལྷོ་ཁུལ་བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་ལྟེ་གནས་ཀྱིས་གྲ་སྒྲིག་གི་བྱ་བ་སོ་སོ་ལེགས་པོར་བསྒྲུབས་ལ། སྒོས་སུ་ད་ལོའི་ལོ་མགོར་སྔ་གཞུག་ཏུ་པེ་ཅིང་དང་། ལན་གྲུ ཟི་ལིང་སོགས་ས་ཁུལ་གྱི་སློབ་ཆེན་ཁག་དང་ཆ་འཕྲིན་ཚན་རྩལ་ཁེ་ལས་སོགས་སུ་ཡུལ་དངོས་གཟིགས་ཞིབ་བྱས་ཏེ་རྒྱ་ཆེ་བའི་བསམ་འཆར་བསྡུ་ལེན་དང་ལག་རྩལ་གྱི་ལམ་ཐིག་འཚོལ་ཞིབ་བྱས་ཏེ། ཟླ5བར་མཚོ་ལྷོ་ཁུལ་བོད་ཡིག་འཚོལ་བཤེར་མ་ལག་སྔོག་འདོན་བྱ་བའི་འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་ཐོག་མ་བསྡུས་ཤིང་། དུས་སྔོན་གྲ་སྒྲིག་ཐད་ནས་སྤྱི་བསྡོམས་དང་། བོད་ཡིག་འཚོལ་བཤེར་མ་ལག་འཕེལ་སྟངས་དང་མ་འོངས་འཕེལ་རྒྱས་ཀྱི་འདུན་ལམ་ཐད་དབྱེ་ཞིབ་དང་ཞིབ་འཇུག་གནང་ནས་ལས་གཞི་མྱུར་ཚད་འཆར་འགོད་སོགས་གཏན་འཁེལ་བྱས། འགོ་ཁྲིད་ཚན་ཆུང་གི་གྲོས་ཚོགས་བདེ་བླག་ངང་བསྡུས་པ་འདིས་བོད་ཡིག་ཆ་འཕྲིན་ཅན་འཛུགས་སྐྲུན་གྱི་གལ་ཆེན་རང་བཞིན་ཐད་སྔར་ལས་ལྷག་པར་ངེས་ཤེས་བསྐྱེད་ཅིང་བོད་ཡིག་འཚོལ་བཤེར་མ་ལག་འཛུགས་སྐྲུན་ལས་གཞི་ལེགས་འགྲུབ་འབྱུང་བར་རེ་སྨོན་དང་སྤོབས་པས་ཁེངས། ཟླ9བར་ལག་རྩལ་དཔྱད་ཞིབ་ཀྱི་གྲོས་ཚོགས་བསྡུས་ཤིང་། ཞིབ་ཅིང་གཟབ་ནན་ལྡན་པའི་གོ་རིམ་དང་། རྒྱལ་ནང་གི་འབྲེལ་ཡོད་དབང་གྲགས་ཆེ་བའི་ཆེད་མཁས་པ་གདན་འདྲེན་ཞུས་ཏེ་ནན་ཏན་གྱིས་དཔྱད་འབེབ་གནང་བར་བརྒྱུད། མཉམ་འབྲེལ་སྡེ་ཁག་གི་ལག་རྩལ་དང་ཉམས་མྱོང་། གྲུབ་འབྲས། དེ་མིན་བོད་ཡིག་འཚོལ་བཤེར་མ་ལག་སྔོག་འདོན་ཐད་ཀྱི་འཆར་བསམ། དཀའ་གནད། ལག་རྩལ་ཉིང་བཅུད་ཀྱི་དཀའ་སེལ་ནུས་ཤུགས་སོགས་ཕྱོགས་ཡོངས་ལ་ཚད་འཇལ་ཏེ་རིམ་པ་བཞིན་ཞིབ་བཤེར་དང་ནན་གྱིས་ལེགས་འདེམ་བྱས་པར་བརྒྱུད། ནུབ་བྱང་མི་རིགས་སློབ་ཆེན་དང་། པེ་ཅིང་ཞཱན་ཏན་ཚན་རྩལ་ཚད་ཡོད་ཀུང་ཟི་ལ་གདེང་འཇོག་ལེགས་པོ་ཐོབ་སྟེ། ནུབ་བྱང་མི་རིགས་སློབ་ཆེན་དང་། པེ་ཅིང་ཞཱན་ཏན་ཚན་རྩལ་ཚད་ཡོད་ཀུང་ཟི། མཚོ་ལྷོ་ཁུལ་བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་ལྟེ་གནས་བཅས་སློབ་གྲྭ་དང་ས་གནས། ཁེ་ལས་མཉམ་འབྲེལ་སྒོས་སྔོག་འདོན་བྱེད་པའི་མ་ལག་གྲུབ་ལ། དེ་ལས་ནུབ་བྱང་མི་རིགས་སློབ་ཆེན་གྱིས་ལས་གཞི་འདིའི་ནང་ཉིང་ལག་རྩལ་ཏེ་འཚོལ་བཤེར་མ་ལག་གི་བོད་ཡིག་མིང་མཚམས་འབྱེད་པ་དང་བོད་ཡིག་རྩིས་འཕྲུལ་མིང་བརྡ་ངོས་འཛིན་དང་། པེ་ཅིང་ཞཱན་ཏན་ཚན་རྩལ་ཚད་ཡོད་ཀུང་ཟིས་བོད་ཡིག་འཚོལ་བཤེར་མ་ལག་གི་སྒྲིག་གཞི་འཛུགས་སྐྲུན། མཚོ་ལྷོ་ཁུལ་བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་ལྟེ་གནས་ཀྱིས་འཚོལ་བཤེར་མ་ལག་གི་བོད་ཡིག་གྲངས་མཛོད་འཛུགས་སྐྲུན་འགན་འཁུར་བ་ཡིན་ལ། ཟླ9བའི་ནང་མཉམ་འབྲེལ་སྡེ་ཁག་གཉིས་དང་མཉམ་འབྲེལ་ཆིངས་ཡིག་བཞག་སྟེ་བོད་ཡིག་འཚོལ་བཤེར་མ་ལག་སྔོག་འདོན་བྱ་བ་དངོས་སུ་མགོ་བརྩམས།
ལོ་ཙཱའི་བྱ་བ་ལེགས་པོར་སྒྲུབ་པ།
ལོ་ཧྲིལ་བོར་ཁུལ་དང་རྫོང་བོད་སྐད་ཨུ་གཞུང་སྒྲུབ་ཁང་གིས་བསྡོམས་པས་ཡིག་འབྲུ་ཁྲི200ལྷག་ལོ་ཙཱ་བྱས་ཤིང་། ལོ་ཙཱའི་སྤུས་ཚད་ཀྱང་མཐོེར་འདེགས་ཆེན་པོ་བྱུང་བ་མ་ཟད། རང་འགུལ་གྱིས་བོད་རྒྱ་ཤན་སྦྱར་གྱི་མིང་བརྡ་གསར་བ་འཚོལ་སྡུད་དང་ལེགས་སྒྲིག་བྱས་པ་དང་། ལོ་ཧྲིལ་བོར་ཞིབ་བཤེར་གཏན་འབེབ་གནང་བའི་ཐ་སྙད500ལྷག་འདུས། ཁུལ་དང་རྫོང་གི་བོད་སྐད་ཨུ་གཞུང་སྒྲུབ་ཁང་གིས་སྤྱི་ཚོགས་ཁྲོམ་རའི་ཡིག་བཀོལ་བྱ་བ་ལེགས་པོར་སྒྲུབ་སྟེ་མི་རིགས་ས་ཁུལ་གྱི་རིག་གནས་ཁྱད་འཕགས་འབུར་དུ་བཏོད་ཡོད། མཚོ་ལྷོ་ཁུལ་བཙུགས་ནས་ལོ་འཁོར60ལོན་པའི་ཁུལ་སྟོན་གྱི་སྔོན་དུ་སྤྱི་ཚོགས་ཁྲོམ་རའི་ཡིག་བཀོལ་ལེགས་བཅོས་བྱ་བ་སྤེལ་ཏེ་བསྡོམས་པས་སྒོ་བྱང2000ལྷག་བརྗེ་ནས་ཇུས་འགོད་གཅིག་གྱུར་སྒོས་བོད་རྒྱ་སྐད་གཉིས་ཀྱི་སྒོ་བྱང་ནི་སྲང་ལམ་རྣམ་པར་མཛེས་པའི་རྒྱན་དུ་གྱུར་ཡོད། བོད་ཡིག་པར་གཞིའི《མཚོ་ལྷོའི་སྲིད་དོན》(འདོན་ཐེངས་གཉིས)དང་། 《མང་རྫོང་སྲིད་དོན》(བོད་རྒྱ་སྐད་གཉིས་ཀྱི་འདོན་ཐེངས་གཉིས)། 《ཁྲི་ཀའི་སྲིད་དོན》། 《གུང་ཧོའི་སྲིད་དོན》བཅས་བདེ་བླག་ངང་བསྡོམས་པས་དེབ3000པར་འདེད་གནང་ལ། དུས་ཐོག་ཏུ་རྒྱ་ཆེ་བའི་གཞི་རིམ་རོང་འབྲོང་མི་དམངས་སུ་རིམ་པ་སོ་སོའི་ཏང་སྲིད་ལས་ཁུངས་ཀྱིས་ཉེ་དུས་སྤེལ་བའི་དམངས་ཕན་སྲིད་ཇུས་སྐྱེལ་ནས་མི་དམངས་ཀྱི་དགའ་བསུ་ཐོབ།
གནའ་དཔེ་ལེགས་སྒྲིག་བྱ་བར་གྲུབ་འབྲས་ཆེན་པོ་ལྡན་པ།
མང་རྫོང་མི་རིགས་སྐད་ཡིག་གཞུང་ལས་ཁང་གིས《དགེ་བཤེས་བྱམས་པ་འཕྲིན་ལས་ཀྱི་དཔེ་ཚོགས》དང《དམངས་ཁྲོད་གཏམ་དཔེ》དེབ་གཉིས་པའི་ལེགས་སྒྲིག་དང་ཡིག་གཏག ཞིབ་བཤེར་བྱ་བ་ལེགས་འགྲུབ་བྱུང་། གསེར་ཆེན་རྫོང་མི་རིགས་སྐད་ཡིག་གཞུང་ལས་ཁང་གིས《སུམ་པ་ཡེ་ཤེས་དཔལ་འབྱོར་གྱི་གསུང་རྩོམ་ཕྱོགས་སྒྲིག》གི་ཡིག་གཏག་བྱ་བ་དང་ཞིབ་བཤེར་བྱ་བའི་ཁག་ཅིག་ལེགས་འགྲུབ་བྱུང་བ་དང་ཆབས་ཅིག་གོང་རིམ་སྡེ་ཁག་ལ་ཡར་ཞུ་བྱས་ཏེ་རྒྱལ་ཁབ་གསར་འགྱུར་དཔེ་སྐྲུན་སྤྱི་ཁྱབ་ཅུའི་མི་རིགས་དཔེ་དེབ་པར་སྐྲུན་ལས་གཞི་རུ་ཚུད། དེ་མིན་བྲག་དཀར་རྫོང་མི་རིགས་སྐད་ཡིག་གཞུང་ལས་ཁང་གི་ལོ་དེབ《གསེར་གྱི་ལྷ་དར》དང་། གསེར་ཆེན་རྫོང་མི་རིགས་སྐད་ཡིག་གཞུང་ལས་ཁང་གི་ལོ་དེབ《རི་བོ་ཉི་ཟླ》ད་ལོའི་ཟླ11པར་པར་སྐྲུན་འགྲེམ་སྤེལ་བྱས་ཏེ་མཚོ་ལྷོ་ས་ཁུལ་གྱི་བོད་ཡིག་རྩོམ་རིག་གསར་རྩོམ་དང་འབྲེལ་འདྲིས་ལ་སྐུལ་ཞིང་ས་གནས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་བར་དགེ་མཚན་བསྐྲུན།