འབའ་འབྲོག་སྡེ་ཕྱུག་མོའི་ལོ་སར་སྒྲ་ལེན་བརྙན་ཕབ་བྱས་ཚར་བ།
སྤྲོ་ཚོགས་ཀྱི་ཚོགས་རའི་ཟུར་ཞིག
གྱ་སྟོན་གྱི་ཆོ་ག་སྤེལ་བཞིན་པ།
མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་དང་བོད་སྐད་བརྙན་འཕྲིན། མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་དྲ་ཚིགས་བཅས་ཀྱིས་མཉམ་དུ་བསྒྲུབས་པའི་བོད་ཤིང་ཕོ་རྟ་ལོའི་ལོ་སར་སྤྲོ་ཚོགས་ཆེན་མོའི་གྲུབ་ཆ་སྟེ། འབའ་འབྲོག་སྡེ་ཕྱུག་མོའི་ལོ་སར་ཞེས་པ་དེ་ཟླ12པའི་ཚེས10ཉིན་འབའ་ཐང་སྡེ་གསར་གྱི་ཁྱུང་འབྲུག་སྤྲོ་སྐྱིད་གླིང་ནས་སྒྲ་ལེན་བརྙན་ཕབ་བྱས་ཚར།
སྟོན་མོར་ཕེབས་པའི་མགྲོན་པོ་ཚོ།
དགོང་ཚོགས་འདི་ནི་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལག་ལེན་མཐར་ཕྱིན་དང་། དམངས་ཕན་སྲིད་ཇུས་སྣ་ཚོགས་དངོས་འབེབ་བྱས་ནས་ས་གནས་མང་ཚོགས་ཀྱི་བསམ་བློའི་དཔལ་ཡོན་དང་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། མང་ཚོགས་རང་ཉིད་ལ་དབང་བའི་གར་སྟེགས་བསྐྲུན་པ། དགོང་ཚོགས་དང་སྤྲོ་ཚོགས་ཆེ་མ་ཆུང་གསུམ་བསྡུ་བའི་མ་དངུལ་ཇེ་ཉུང་དུ་གཏོང་བའི་བླངས་བྱ་ལྟར། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་དང་བོད་སྐད་བརྙན་འཕྲིན། མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་དྲ་ཚིགས། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་ཏེ་རྫོང་ཏང་ཨུ་དང་རྫོང་མི་དམངས་སྲིད་གཞུང་བཅས་ཀྱིས་མཉམ་འབྲེལ་སྒོས་ཐུན་ཏེ་རྫོང་གི་ཞང་གྲོང་བཞིའི་མང་ཚོགས་དང་ལྷན་དུ་བསྒྲུབས་པ་ཞིག་ཡིན།
འཁྲབ་ཁྲིད་པས་ཡུལ་དངོས་སུ་འཁྲབ་ཁྲིད་བྱེད་བཞིན་པ།
གཉེན་སྟོན་གྱི་ཆོ་ག་བག་སྐྱེལ་ལམ་ལ་ཆས་བཞིན་པ།
དགོང་ཚོགས་འདི་ནི་སྐྱེ་ཁམས་སྲུང་སྐྱོང་དང་འབུལ་སྐྱོར་གཏན་སྡོད་ཀྱི་སྲིད་ཇུས་ཡངས་བའི་རྒྱལ་ཁམས་ཀུན་ལ་ཁྱབ་བཞིན་པའི་སྐབས་འདིར་ཐུན་ཏེ་རྫོང་མཁར་དུའང་འབྲོག་དམངས་གཏན་སྡོད་ཀྱི་གནས་གཞི་ཆེན་པོ་ཞིག་ཆགས་ཤིང་། འབྲོག་པ་མང་ཚོགས་ཁྱིམ་གཞི་གསར་བར་གནས་སྤོར་བྱས་ནས་ལོ་སར་ལ་རོལ་བཞིན་པའི་རྣམ་པ་རྒྱབ་ལྗོངས་བྱས་ཏེ། འབྲོག་དམངས་གཏན་སྡོད་དང་དབུལ་སྐྱོར་གནས་སྤོར་གྱི་སྲིད་ཇུས་བཟང་པོར་བསྟོག་བསྔགས་བྱས་ཡོད་པར་མ་ཟད། ས་གནས་འབྲོག་པ་མང་ཚོགས་ཀྱི་ཡུལ་སྲོལ་གོམས་གཤིས་སོགས་དམངས་སྲོལ་རིག་གནས་ཉམས་པ་སོར་ཆུད་དང་མ་ཉམས་གོང་སྤེལ་གྱི་ཐད་ལ་སྔ་ན་མེད་པའི་ནུས་པ་བཏོན་ཡོད།
ཐེངས་འདིའི་སྤྲོ་ཚོགས་ཀྱི་འགོ་འཛིན་པ།
དགོང་ཚོགས་འདི་ད་ལོའི་ལོ་སར་སྐབས་སུ་བོད་སྐད་རླུང་འཕྲིན་དང་བོད་སྐད་བརྙན་འཕྲིན་འཕྲིན་ལམ་སོགས་ནས་གཏོང་རྒྱུ་ཡིན་པར་མ་ཟད། མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་དྲ་ལམ་ནས་ཀྱང་གཏོང་རྒྱུ་ཡིན་པས་ཤིང་ཕོ་རྟ་ལོའི་ལོ་སར་དུས་སྟོན་གྱི་སྐབས་སུ་ཀུན་གྱི་མིག་གི་དགའ་སྟོན་དང་རྣ་བའི་བུ་རམ་དུ་འཇོ་བའི་སྨོན་འདུན་སྙིང་ནས་ཞུས།