གླུ་མ་ཚེ་རིང་འཚོའི་གླུ་གཞས་ཆེད་བསྒྲིགས་ཐོག་མ《གཡས་འགྲམ་གྱི་ཁོ་ཧྥེ་ཁང》འགྲེམ་ལ་ཉེ།
གླུ་མ་ཚེ་རིང་འཚོ།
ཉེ་ལམ། རྒྱུས་ལོན་བྱུང་བ་ལྟར་ན། བོད་ཀྱི་དེང་རབས་གླུ་མ་ཚེ་རིང་འཚོའི་གླུ་གཞས་ཆེད་བསྒྲིགས་ཐོག་མ《གཡས་འགྲམ་གྱི་ཁོ་ཧྥེ་ཁང》ཞེས་པ་རྣམ་པ་ཚོའི་ལོངས་སྤྱོད་དུ་ཕུལ་ལ་ཉེ་བ་རེད།
བོད་ཀྱི་དེང་རབས་གླུ་མ་ཚེ་རིང་འཚོ་ནི་བཅིངས་འགྲོལ་དམག་སྒྱུ་རྩལ་སློབ་གླིང་ནས་སློབ་མཐར་ཕྱིན་པ་དང་ད་ལྟ་ཁོ་མོ་མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་རོལ་མོའི་སློབ་གླིང་དུ་དགེ་རྒན་གྱི་ཕྱག་ལས་གནང་གིན་ཡོད། ཁོ་མོ་དང་སློབ་གྲྭ་གཅིག་པ་དང་སློབ་གྲོགས་སུ་གྱུར་པའི་གླུ་བ་གླུ་མ་ཁ་ཤས་ཤིག་ད་ལྟ་ཀྲུང་གོའི་རོལ་མོའི་སྒྱུ་རྩལ་གྱི་གར་སྟེགས་སུ་སྐད་གྲགས་ཆེན་པོ་རྒྱས་ཡོད། དཔེར་ན། དབྱི་རིགས་ཀྱི་གཞས་མ་ཨ་ལོ་ཨ་སྒྲོལ་ལྟ་བུ་རེད།
གླུ་མ་ཚེ་རིང་འཚོ་ནི་ཆེད་ལས་ཀྱི་བྱང་ཚད་མཐོ་ཞིང་སྐད་ངག་ལ་རང་གི་ཁྱད་ཆོས་དོད་པོའི་གླུ་མ་ཞིག་ཡིན་ལ། ཁོ་མོ་སློབ་མཐར་ཕྱིན་པའི་ཚུན་ལ་བོད་ཁུལ་གྱི་རིག་རྩལ་སྤྲོ་ཚོགས་མང་པོ་ཞིག་ལ་མ་ཞུགས་ཀྱང་། མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་གྱིས་ཀན་ལྷོ་རྨ་ཆུ་ནས་བསྡུས་པའི་བོད་ཡུལ་དུ་བསྐྱོད་པའི་རིག་རྩལ་སྤྲོ་ཚོགས་ཆེན་མོ“རྨ་ཁུགས་དང་པོའི་ལྷན་འཛོམས”སྟེང་ཁོ་མོས་བླངས་པའི《ཆུང་འདྲིས་བྱམས་པ》ཞེས་པའི་གཞས་དེས་བོད་ཁམས་གཟིགས་མཁན་དང་གསན་མཁན་མང་པོ་ཞིག་ལ་བག་ཆགས་ཟབ་མོ་བཞག་ཡོད། གླུ་མ་ཚེ་རིང་འཚོའི་དམིགས་བསལ་གྱི་ཁྱད་ཆོས་ཉག་གཅིག་ནི་རྒྱ་བོད་དབྱིན་གསུམ་གྱི་གླུ་གཞས་སྣ་ཚོགས་ལེན་པར་བྱང་ཆ་ལྡན་པ་དེ་དང་། སྒོས་སུ་ཕྱི་གླིང་དུ་དར་ཁྱབ་ཆེ་བའི་རྗེ་སི་རོལ་མོ་ལེན་པ་ལ་ལྷག་ཏུ་མཁས་པར་མ་ཟད། བོད་ཁུལ་གྱི་དབྱངས་རྩོམ་མཁན་མང་པོ་ཞིག་གིས་ཁོ་མོ་ནི་བོད་ཀྱི་གསར་སྐྱེས་གླུ་མ་དག་ལས་རྗེ་སིའི་གླུ་གཞས་གཏོང་མཁན་ཐོག་མ་ཡིན་པར་མ་ཟད། རྗེ་སི་རོལ་མོའི་ཚོར་བ་ཤིན་ཏུ་རྣོ་བའི་གླུ་མ་ཞིག་ཀྱང་ཡིན་ཞེས་ཁས་ལེན་དང་གདེང་འཇོག་གནང་གིན་ཡོད།
ཁོ་མོའི་ཆེས་གླུ་གཞས་ཆེད་བསྒྲིགས་ཐོག་མ《གཡས་འགྲམ་གྱི་ཁོ་ཧྥེ་ཁང》ཞེས་པར་ཡང་རྒྱ་བོད་དབྱིན་གསུམ་གྱི་ལམ་ནས་བླངས་པའི་གླུ་གཞས་བཅུ་ཕྲག་ཁ་ཤས་བསྡུས་ཡོད་ལ། བོད་ཁམས་ཡོངས་སུ་གསར་སྐྱེས་གླུ་བ་གླུ་མ་ཆར་རྗེས་ཀྱི་ཤ་མོ་བཞིན་བརྡོལ་བའི་དེང་གི་དུས་འདིར། ཁོ་མོའི་ལྷད་མེད་དྭངས་གཙང་གི་མགྲིན་ངག་སྙན་མོས་དུས་རབས་ཀྱི་ལེགས་སྐྱེས་སུ་བཏེགས་པའི་ཆེད་བསྒྲིགས་བརྙན་འཁོར་འདི་ནི་བོད་པའི་རོལ་མོའི་སྒྱུ་རྩལ་གྱི་འཕེལ་རིམ་གསར་བ་ཞིག་གི་མཚོན་རྟགས་དང་གཞས་མ་རང་གི་ཐོད་བརྒལ་གྱི་ལམ་ཁ་གསར་བ་ཞིག་ཅི་ལ་མིན།