logo

མཚོ་སྔོན་པོ་དྲ་བ་ཤར་གཏོང་བྱས་ཏེ་ལོ་འཁོར་བཅུ་གཉིས་ལོན་པའི་རྟེན་འབྲེལ་མཛད་སྒོ་དང་གསོ་སྦྱོང་། བཞུགས་མོལ

རྩོམ་པ་པོ།:ལྷ་ཚེ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2019-11-28 ཀློག་གྲངས།:
མཚོ་ལྷོ་ཁུལ་མི་རིགས་སྐད་ཡིག་བྱ་བའི་ལྟེ་གནས་ཀྱི་འགོ་གཙོ་སྙིང་བྱམས་རྒྱལ་གྱིས་ཤིས་ཚིག་ཕུལ།
     སྤྱི་ཟླ11པའི་ཚེས28ཉིན། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་རིགས་སྐད་ཡིག་བྱ་བའི་ལྟེ་གནས་ཀྱིས་གཙོ་སྒྲུབ་གནང་བའི་མཚོ་སྔོན་པོ་དྲ་བ་ཤར་གཏོང་བྱས་ཏེ་ལོ་འཁོར་བཅུ་གཉིས་ལོན་པའི་རྟེན་འབྲེལ་མཛད་སྒོ་བསྡུས་ཤིང་། "ཐོག་མའི་བསམ་འདུན་མ་བརྗེད་པར། འགན་འཁྲི་ཡིད་ལ་བརྟན་པོར་བཅངས་པའི"བརྗོད་དོན་སློབ་གསོའི་ཁྲིད་སྟོན་ཚན་ཆུང་ལྔ་བ་དང་། མཚོ་ལྷོ་ཁུལ་ཨུའི་དྲིལ་སྒྲོག་པུའུ། ཁུལ་བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་ལྟེ་གནས།  རྫོང་སོ་སོའི་མི་རིགས་སྐད་ཡིག་བྱ་བའི་ལྟེ་གནས། ཁུལ་མི་རིགས་སྐད་ཡིག་བྱ་བའི་ལྟེ་གནས་སོགས་སྡེ་ཁག་གི་འབྲེལ་ཡོད་འགོ་ཁྲིད་དང་མཚོ་སྔོན་པོ་དྲ་བའི་ཆེད་ཞུས་འཕྲིན་གཏོང་བ་སྐོར་ཞིག་ཐེངས་འདིའི་ཚོགས་འདུར་ཞུགས། ཁུལ་མི་རིགས་སྐད་ཡིག་བྱ་བའི་ལྟེ་གནས་ཀྱི་ཕྱོགས་བསྡུས་པུའི་པུའུ་ཀྲང་ལྷ་མོ་ཐར་གྱིས་གྲོས་ཚོགས་ལ་མདོ་འཛིན་མཛད།
མཚོ་ལྷོ་ཁུལ་བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་ལྟེ་གནས་ཀྱི་འགོ་གཙོ་ཚེ་ལོ་ལགས་ཀྱིས་མཚོ་སྔོན་པོ་དྲ་བའི་པར་གཞི་གསར་བ་ཤར་གཏོང་གནང་བ་ཁྱབ་བསྒྲགས་བྱས།
     ཐོག་མར་ཁུལ་མི་རིགས་སྐད་ཡིག་བྱ་བའི་ལྟེ་གནས་ཀྱི་འགོ་གཙོ་སྙིང་བྱམས་རྒྱལ་གྱིས་ཤིས་ཚིག་ཕུལ་ཞིང་། ཐོག་མར་གྲོས་ཚོགས་ལ་ཞུགས་པའི་སྐུ་མགྲོན་དང་འཕྲིན་གཏོང་བ་རྣམས་ལ་ལྷག་བསམ་འཁོལ་བས་དགའ་བསུ་ཞུ་བ་དང་ཆབས་ཅིག ལོ་འདི་འགའི་རིང་ལ་མཚོ་སྔོན་པོ་དྲ་བར་རྒྱབ་སྐྱོར་དང་ཐུགས་ཁུར་གནང་བར་སྙིང་ཐག་པ་ནས་བཀའ་དྲིན་ཞུ། ཁོང་གིས་བསྟན་དོན། མཚོ་སྔོན་པོ་དྲ་བ་ཤར་གཏོང་བྱས་པ་ནས་བཟུང་སྟེ། མཚོ་ལྷོ་ཁུལ་གྱི་ཆབ་སྲིད་དང་དཔལ་འབྱོར། སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བར་གླེང་ཕྱོགས་དང་ཆ་འཕྲིན་གྱི་སྟེགས་བུ་བསྐྲུན་པ་ཡིན། ཀྲུང་གུང་མཚོ་ལྷོ་ཁུལ་ཨུ་དང་ཁུལ་མི་དམངས་སྲིད་གཞུང་གི་ཡང་དག་པའི་འགོ་ཁྲིད་འོག དེ་རིང་མཚོ་སྔོན་པོ་དྲ་བས་ལོ་འཁོར་བཅུ་གཉིས་ཀྱི་རྟེན་འབྲེལ་ཉིན་མོ་བསུས་ཤིང་། མཚོ་སྔོན་པོ་དྲ་བའི་པར་གཞི་གསར་བའང་རྟེན་འབྲེལ་གྱི་ཉིན་མོ་འདིར་དངོས་སུ་ཤར་གཏོང་བྱས་པ་ཡིན། ལོ་ངོ་བཅུ་གཉིས་རིང་གི་འབད་བརྩོན་བརྒྱུད། མཚོ་སྔོན་པོ་དྲ་བར་མཚོན་ན་ཆེས་རླབས་ཆེ་བ་ནི་ཡོངས་འཛིན་འཚོལ་བཤེར་ཞེས་པའི་བོད་ཡིག་ཆ་འཕྲིན་ལག་རྩལ་ཁྱབ་ཁོངས་ཀྱི་གྲུབ་འབྲས་གཟེངས་སུ་ཐོན་པ་འདི་བླངས་པ་ཡིན་ལ། ད་ལོར་ལས་ཁུངས་བཅོས་སྒྱུར་བྱེད་པའི་གོ་རིམ་ཁྲོད། མཚོ་སྔོན་པོ་དྲ་བའི་གཙོ་སྒྲུབ་ལས་ཁུངས་དེ་ཁུལ་བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་ལྟེ་གནས་ནས་ཁུལ་མི་རིགས་སྐད་ཡིག་བྱ་བའི་ལྟེ་གནས་ལ་སྤྲད་ཅིང་། མཚོ་ལྷོ་ཁུལ་མི་རིགས་སྐད་ཡིག་བྱ་བའི་ལྟེ་གནས་ཀྱིས་དྲ་རྒྱ་མ་ལག་རྙིང་འགྱུར་དང་ཀློག་མཁན་ཇེ་ཉུང་དུ་ཕྱིན་པ་སོགས་ཀྱི་གནད་དོན་ལ་གཞིགས་ཏེ། འབྲེལ་ཡོད་ཆེད་མཁས་དང་ལག་རྩལ་མི་སྣར་བློ་དྲིས་ཏེ། རང་གྲབས་མ་དངུལ་སྒོར་ཁྲི17བཏོན་ནས་གཞི་གྲངས་གཞན་སྤོ་དང་མ་ལག་ལེགས་བཅོས། དྲ་ངོས་གསར་སྤེལ་སོགས་གནད་དོན་རབས་དང་རིམ་པ་ཐག་གཅོད་བྱས།
འཕྲིན་གཏོང་བ་རྣམས་ལ་གདན་འདྲེན་ཡི་གེ་ཕུལ།
     དེ་རིང་གི་མཚོ་སྔོན་པོའི་དྲ་ངོས་གསར་ཞིང་སྟབས་བདེ་ཡིན་ལ། སྒྲིག་བཀོད་ལེགས་ཤིང་ཇུས་འགོད་མཛེས་པ་དང་། གཙོ་ཆེར་དྲ་དམངས་ཀྱི་དགོས་མཁོ་གཙིགས་སུ་བཟུང་བ་ཡིན། ཐེངས་གང་མང་ལ་ལེགས་བཅོས་བྱས་རྗེས་ཕན་འབྲས་ལེགས་པོ་ཐོན་ཡོད། མཚོ་སྔོན་པོ་དྲ་བའི་པར་གཞི་གསར་བ་བདེ་བླག་ངང་ཤར་གཏོང་བྱས་པ་འདི་ཡོངས་འཛིན་གཞི་གྲངས་ཚན་རྩལ་ཚད་ཡོད་ཀུང་ཟིའི་ལག་རྩལ་རམ་འདེགས་ལ་འབྲལ་ཐབས་མེད་ཀྱང་། ཡོངས་འཛིན་དཔུང་སྡེའི་བློ་མཐུན་རྣམས་ལ་སྙིང་ཐག་པ་ནས་བཀའ་དྲིན་ཞུས།
འཕྲིན་གཏོང་བའི་འཐུས་ཚབ་སྟག་རིག་འབྲུག་ཐར་གྱིས་གཏམ་བཤད་སྤེལ།
     དེར་མཐུད་དེ་མཚོ་ལྷོ་ཁུལ་བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་ལྟེ་གནས་ཀྱི་འགོ་གཙོ་ཚེ་ལོ་ལགས་ཀྱིས་མཚོ་སྔོན་པོ་དྲ་བའི་པར་གཞི་གསར་བ་ཤར་གཏོང་གནང་བ་ཁྱབ་བསྒྲགས་བྱས་རྗེས། ཐེངས་འདིའི་ཆེད་ཞུས་འཕྲིན་གཏོང་བ་སྟེ་མཚོ་སྔོན་ཞིང་ཆེན་གེ་སར་སྒྲུང་ཞིབ་འཇུག་ཁང་གི་འགོ་གཙོ་གཞོན་པ་དང་ཞིབ་འཇུག་པ་གཞོན་པ་དབང་ཆེན་ཚེ་རིང་དང་། མཚོ་ནུབ་ཁུལ་བརྙན་འཕྲིན་ཁང་གི་གསར་འགོད་པ་བསོད་ནམས་རྡོ་རྗེ། མཚོ་ལྷོ་ཁུལ་རིག་གནས་ཁང་གི་ཞིབ་འཇུག་པ་གཞོན་པ་ལྷ་མཚོ་སྒྲོལ་མ། མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་དང་པོའི་དགེ་རྒན་ཟླ་བ་ཚེ་རིང་། མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་གཉིས་པའི་དགེ་རྒན་གནམ་ལྷ་འབུམ། གསེར་ཆེན་རྫོང་མི་རིགས་སློབ་འབྲིང་གི་དགེ་རྒན་ཚེ་རིང་རྣམ་རྒྱལ། ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭའི་དགེ་རྒན་འབྲུག་ཐར་རྒྱལ་བཅས་འཐུས་ཚབ་རྣམས་ལ་གདན་འདྲེན་ཡི་གེ་གནང་ལ། འཕྲིན་གཏོང་བའི་འཐུས་ཚབ་སྟག་རིག་འབྲུག་ཐར་རྒྱལ་གྱིས་ཚོར་འདུ་བརྗོད།
མཚོ་ལྷོ་ཁུལ་བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་ལྟེ་གནས་ཀྱི་འགོ་གཙོ་གཞོན་པ་རྡོ་རྗེ་རབ་བརྟན་གྱིས་མཚོ་སྔོན་པོ་དྲ་བའི་ཐད་ནས་གཏམ་བཤད་གནང་།
མཚོ་ལྷོ་ཁུལ་དྲིལ་སྒྲོག་པུའི་པུའུ་ཀྲང་གཞོན་པ་ཧྥུའུ་ཡུའུ་ལེན་གྱིས་གཏམ་བཤད་སྤེལ།
     དེ་ནས་ཁུལ་བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་ལྟེ་གནས་ཀྱི་འགོ་གཙོ་གཞོན་པ་རྡོ་རྗེ་རབ་བརྟན་གྱིས་མཚོ་སྔོན་པོ་དྲ་བའི་ཐད་ནས་གཏམ་བཤད་གནང་། ཐོག་མར་མཚོ་སྔོན་པོ་དྲ་བའི་འདས་མ་ད་གསུམ་གླེང་རྗེས། དེའི་གྲུབ་འབྲས་ཐད། གཅིག་ནས་གླེང་ཕྱོགས་ཀྱི་ཁྲིད་སྟོན་ལེགས་ཆ་འདོན་སྤེལ་གྱིས་འདུ་ཤེས་འཛིན་སྟངས་ཀྱི་གཙོ་འདོན་དབང་ཆ་བརྩོན་ལེན་བྱས། གཉིས་ནས་ཡང་ནས་བསྐྱར་དུ་དྲ་རྒྱ་ལེགས་བཅོས་དང་པར་གཞི་བརྗེ་སྒྱུར་གྱིས་མུ་མཐུད་དུ་སྤྱོད་སྒོ་མཐོར་འདེགས་སུ་བཏང་། གསུམ་ནས་ཆ་འཕྲིན་སྤེལ་ཤུགས་དྲག་ཏུ་བཏང་སྟེ། ཐུན་མིན་གྱི་ཁྱད་ཆོས་ཐོན་པར་བྱས། བཞི་ནས་མི་སྣ་གསོ་སྐྱོང་ལ་དོ་སྣང་སྒོས་ཆེད་ཞུས་གསར་འགོད་པ་དང་འཕྲིན་གཏོང་བའི་དཔུང་སྡེ་རྩ་འཛུགས་བྱས།
མཚོ་སྔོན་པོ་དྲ་བའི་འཕྲིན་གཏོང་བའི་གསོ་སྦྱོང་ཚོགས་འདུ་བསྡུས།
     ཆུ་ཚོད10:30སྟེང་། མཚོ་སྔོན་པོ་དྲ་བའི་འཕྲིན་གཏོང་བའི་གསོ་སྦྱོང་ཚོགས་འདུ་བསྡུས་ལ། ཁུལ་བོད་ཡིག་ཆ་འཕྲིན་ལག་རྩལ་ལྟེ་གནས་ཀྱི་ལག་རྩལ་མི་སྣས་མཚོ་སྔོན་པོ་དྲ་བའི་པར་གཞི་གསར་རྙིང་ཞིབ་བསྡུར་དང་། པར་གཞི་གསར་བའི་ཁྱད་ཆོས། རྩོམ་སྒྲིག་བྱེད་སྟངས། ལག་རྩལ་མངོན་འགྱུར། དྲ་ཚིགས་བདེ་འཇགས་སོགས་ཀྱི་ཐད་གསོ་སྦྱོང་གནང་ལ། འཕྲིན་གཏོང་བ་རྣམས་ལ་རང་ཉིད་ཀྱིས་གསར་འགྱུར་བཀོད་ཆོག་པའི་སྟེགས་བུ་ཞིག་བསྐྲུན།
བཞུགས་མོལ་གྲོས་ཚོགས་བསྡུས། 
     ཕྱི་དྲོའི་ཆུ་ཚོད2:30སྟེང་། བཞུགས་མོལ་གྲོས་ཚོགས་བསྡུས་ཏེ། ཚོགས་ཞུགས་སྐུ་མགྲོན་དང་ཆེད་ཞུས་འཕྲིན་གཏོང་བ་རྣམས་ཀྱིས་སོ་སོའི་བསམ་ཚུལ་ལྷུག་པོར་ཀྲོལ་ལ། ཚང་མས་བསམ་དོན། ཆ་འཕྲིན་གྱི་འཕེལ་རྒྱས་ཤིན་ཏུ་མྱུར་བའི་དུས་རབས་སུ། ཆ་འཕྲིན་ཅན་གྱི་ཐོན་རྫས་དག་སྟབས་བདེའི་ལམ་བུར་སྐྱོད་ཀྱི་ཡོད་ལ། མཚོ་སྔོན་པོ་དྲ་བས་ཀྱང་གཅིག་ནས་སྟབས་བདེའི་ཐོན་རྫས་དང་དམངས་ཁྲོད་དུ་རྐང་ཚུགས་ཏེ་ཐུན་མིན་གྱི་ཁྱད་ཆོས་ཤིག་ངོམ་པ་དང་། གཉིས་ནས་མཉམ་འདྲེས་སྨྱན་བྱད་དུ་ཞུགས་ཏེ་སྲོལ་རྒྱུན་སྨྱན་བྱད་དང་སྨྱན་བྱད་གསར་བའི་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པ། གསུམ་ནས་བརྙན་དང་པར་རིས། སྒྲ་སོགས་ཀྱང་མང་དུ་འགོད་པ། བཞི་ནས་འཕྲིན་གཏོང་བའི་རྩོམ་ཡོན་དངོས་འབེབས་བྱེད་པ། ལྔ་ནས་འཕྲིན་གཏོང་བའི་དཔུང་སྡེ་ད་དུང་རྒྱ་བསྐྱེད་པ། དྲུག་ནས་དུས་རབས་གསར་བའི་ཆ་འཕྲིན་ཅན་གྱི་རྗེས་སུ་སྙེག་དགོས།
དྲན་རྟེན་མཉམ་པར།
     འདི་ལྟ་བུའི་བྱེད་སྒོ་བརྒྱུད་དེ། མཚོ་ལྷོ་ཁུལ་མི་རིགས་སྐད་ཡིག་བྱ་བའི་ལྟེ་གནས་ཀྱིས་ཚོགས་ཞུགས་སྐུ་མགྲོན་དང་འཕྲིན་གཏོང་བ་རྣམས་ཀྱི་བསམ་འཆར་བསྡུ་ལེན་བྱས་ཏེ། མུ་མཐུད་དུ་འཕྲིན་གཏོང་བའི་དཔུང་སྡེ་རྒྱ་བསྐྱེད་པ་དང་དྲ་རྒྱའི་ནང་དོན་དང་རྣམ་པ་སོགས་གང་ཅིའི་འཐུས་སྒོ་ཇེ་ཚང་དང་དྲ་དམངས་ཀྱི་འདོད་བློ་བསྐངས་ནས། མཚོ་སྔོན་པོ་དྲ་བ་སྔར་ལས་ཇེ་རྒྱས་ཇེ་ལེགས་སུ་གཏོང་བར་བརྩོན་པ་ལྷུར་ལེན་བྱེད་རྒྱུ་ཡིན།
འབྲེལ་ཡོད་འོས་སྦྱོར།