logo

ནག་ཆུ་གྲོང་ཁྱེར་སློབ་ཆུང་གིས་སྐབས་གསུམ་པའི་དཔལ་དོན་གྲུབ་རྒྱལ་ལ་རྗེས་དྲན་ཞུ་བའི་བྱེད་སྒོ་སྤེལ།

རྩོམ་པ་པོ།:མཚོ་མོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2019-12-02 ཀློག་གྲངས།:
     སྤྱི་ཟླ11པའི་ཚེས29ཉིན། ནག་ཆུ་གྲོང་ཁྱེར་སློབ་ཆུང་གི་དབུ་ཁྲིད་ཀྱི་རྒྱབ་སྐྱོར་དང་བོད་སྐད་ཡིག་སློབ་དཔྱོད་ཁང་གི་སྣེ་ཁྲིད་འོག་སྐུ་ཞབས་དཔལ་དོན་གྲུབ་རྒྱལ་ལ་རྗེས་དྲན་ཞུ་བའི་བྱེད་སྒོ་དེ་གོ་རིམ་ལྡན་ལ་དོན་སྙིང་ཡོད་པའི་ངང་སྤེལ། རྗེས་དྲན་ཞུ་བ་ནི་མེས་པོ་གོང་མའི་མཛད་རྗེས་ལ་བསྐྱར་དྲན་བྱས་ནས་མ་ཉམས་གོང་འཕེལ་དང་ཉམས་པར་སླར་གསོ་ཡོང་ཕྱིར་དང་།  སློབ་མའི་རྩོམ་འབྲི་དང་ཀློག་གི་ནུས་པ་སྤྲོ་བ་འཕེལ་བའི་སྒོ་ནས་སྐྱེད་སྲིང་དང་ཡར་རྒྱས་ཡོང་ཐབས་བྱ་རྒྱུ་དམིགས་ཡུལ་དུ་བཟུང་བ་ཡིན།
      ཐོག་མར་ལོ་རིམ་སོ་སོའི་འཐུས་མིའི་དགེ་རྒན་གྱིས་དཔེ་སྟོན་ཐོག་སྙན་ངག་གྱེར་འདོན་བྱས་པ་དང་དེ་རྗེས་ལོ་རིམ་གསུམ་པ་དང་བཞི་པའི་སློབ་མས་འགྲན་བསྡུར་ཁྲོད་ཉམས་འགྱུར་ལྡན་ལ་གྲ་སྒྲིག་འཐུས་སྒོ་ཚང་བ།  རང་གིས་རང་ལ་ཡིད་ཆེས་དང་སྤོབས་སེམས་ཀྱི་ངང་ནས་སོ་སོའི་ནུས་པ་གར་སྟེགས་སྟེང་དུ་མངོན་པར་བྱས།  
     མཇུག་ཏུ། སློབ་གྲྭའི་སློབ་སྟོན་སློབ་སྤྱི་བཀྲ་ཤིས་ཕུན་ཚོགས་ལགས་ནས་ཐེངས་འདིའི་བྱེད་སྒོ་ནི་རྗེས་དྲན་ཙམ་མ་ཡིན་པར་བོད་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་ཐད་སྔར་བས་ཡར་རྒྱས་དང་གོང་འཕེལ་ཡོང་ཕྱིར་ཡིན་པ་སོགས་གསུངས་ནས་ཐེངས་འདིའི་བྱེད་སྒོའི་ཁྲོད་ཀྱི་མ་གདང་བའི་ཐད་ལ་ཡིད་གཟབ་བྱས་ནས་ཡག་ཐོག་ཡག་བརྩེགས་ཡོང་བའི་རེ་བ་དང་བཅས་བྱེད་སྒོ་བདེ་བླག་ངང་མཇུག་སྒྲིལ་སོང་།
 
འབྲེལ་ཡོད་འོས་སྦྱོར།