༄༅།།བྲག་དཀར་རྫོང་མི་རིགས་སྐད་ཡིག་བྱ་བའི་ལྟེ་གནས་ཀྱིས་གནའ་དཔེ་ལེགས་སྒྲིག་ཐད་ཀྱི་བགྲོ་གླེང་ཚོགས་འདུ་བསྡུས།

རྩོམ་པ་པོ།:བྲག་དཀར་རྫོང་མི་རིགས་སྐད་ཡིག་བ དུས་ཚོད།:2020-06-24 ཀློག་གྲངས།:
སྤྱི་ཟླ6པའི་ཚེས22ཉིན་གྱི་ཕྱི་དྲོ། བྲག་དཀར་མགྲོན་ཁང་གི་གྲོས་ཚོགས་ཁང་དུ་མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གྲངས་ཉུང་མི་རིགས་གནའ་དཔེ་སྲུང་སྐྱོབ་ལྟེ་གནས་དང་མཚོ་ལྷོ་ཁུལ་མི་རིགས་སྐད་ཡིག་བྱ་བའི་ལྟེ་གནས། བྲག་དཀར་རྫོང་མི་རིགས་སྐད་ཡིག་ལྟེ་གནས་བཅས་ཀྱིས་ཀྲུང་དབྱང་དང་ཞིང་ཆེན། ཁུལ་བཅས་ཀྱི་གནའ་དཔེ་སྲུང་སྐྱོབ་བྱ་བའི“ལྔའི་བཅུ་བཞིའི”འཆར་འགོད་ཀྱི་ཡིག་ཆའི་དགོངས་དོན་ལྟར་ས་གནས་ཀྱི་དགོན་སྡེ་དང་དམངས་ཁྲོད། མི་སྒེར་བཅས་ཀྱིས་ཉར་ཚགས་བྱས་ཡོད་པའི་གནའ་དཔེ་ལེགས་སྒྲིག་དང་འཚོལ་སྡུད། མྱུར་སྐྱོབ། ལོ་ཙཱ། པར་སྐྲུན། ཞིབ་འཇུག ཡུལ་དངོས་རྟོག་ཞིབ་སོགས་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་རིག་གནས་ལོ་རྒྱུས་འཚོལ་སྡུད་ཀྱི་སྐོར་ནས་བགྲོ་གྲེང་ཚོགས་འདུ་བསྡུས་ཤིང་།  མཚོ་ལྷོ་ཁུལ་མི་རིགས་སྐད་ཡིག་བྱ་བའི་ལྟེ་གནས་ཀྱི་ཀྲུའུ་རིན་སྙིང་བྱམས་རྒྱལ་གྱིས་ཚོགས་འདུར་མགོ་འཛིན་བྱས།
ཚོགས་ཐོག་ཏུ་མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གྲངས་ཉུང་མི་རིགས་གནའ་དཔེ་སྲུང་སྐྱོབ་ལྟེ་གནས་ཀྱི་ཀྲུའུ་རིན་མཱ་ཞའོ་ཆིན་དང་མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གྲངས་ཉུང་མི་རིགས་གནའ་དཔེ་སྲུང་སྐྱོབ་ལྟེ་གནས་ཀྱི་རྩོམ་སྒྲིག་ཞུ་ཆེན་མཱ་ཀྲུང་། མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གྲངས་ཉུང་མི་རིགས་གནའ་དཔེ་སྲུང་སྐྱོབ་ལྟེ་གནས་ཀྱི་ལོ་ཙཱ་བ་སངས་རྒྱས་རྒྱལ་སོགས་ཀྱིས་ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་གནའ་དཔེ་སྲུང་སྐྱོབ་བྱ་བའི“ལྔའི་བཅུ་བཞིའི”འཆར་འགོད་ཀྱི་ཡིག་ཆའི་དགོངས་དོན་དང་གལ་ཆེན་རང་བཞིན་དྲིལ་སྒྲོག་བྱས་པར་བརྟེན་གནའ་དཔེ་ངོས་འཛིན་བྱེད་སྟངས་དང་འཚོལ་སྡུད་ཐབས་ལམ། ཐོག་མའི་འགན་འཁྲི།  བརྗོད་བྱའི་རིན་ཐང་། པར་སྐྲུན་དུས་ཚོད། ཐོ་འགོད་བྱེད་སྟངས། པར་སྐྲུན་མ་དངུལ་སོགས་ཀྱི་ཐད་ནས་རེ་རེ་བཞིན་ཁ་གསལ་གོ་བདེ་དང་དོན་ཉུང་གནད་འདུས་ཀྱིས་ངོ་སྤྲོད་དང་སྒྲོག་འགྲེལ་ཞིབ་ཚགས་བྱས།
བྲག་དཀར་རྫོང་མི་རིགས་སྐད་བྱ་བའི་ལྟེ་གནས་ཀྱི་ཀྲུའུ་རིན་ཕྱག་རྡོར་སྐྱིད་ཀྱིས་རྫོང་མི་རིགས་སྐད་ཡིག་བྱ་བའི་ལྟེ་གནས་ཀྱིས་2003ལོ་ནས་བཟུང་སྟེ་གནའ་དཔེ་འཚོལ་སྡུད་དང་ལེགས་སྒྲིག་བྱས་ཚུལ་གྱི་བྱ་བའི་གྲུབ་འབྲས་སྙན་ཞུ་ཕུལ་བ་དང་། མ་འོངས་པའི་གནའ་དཔེ་འཚོལ་སྡུད་དང་ལེགས་སྒྲིག མཉམ་མྱོང་། ཞིབ་འཇུག་བཅས་ཀྱི་ལམ་ཁར་ཕྲད་སྲིད་པའི་དཀའ་ངལ་དང་གནད་དོན། ཐབས་ལམ་སོགས་གསལ་བཤད་བྱས་ཤིང་། ཁུལ་མི་རིགས་སྐད་ཡིག་བྱ་བའི་ལྟེ་གནས་ཀྱི་ལས་འཁྱུར་ངལ་གསོ་བྱས་ཡོད་པའི་ས་མིང་ཞིབ་འཇུག་པ་ཤ་བོ་དོན་གྲུབ་དང་སྤྲེལ་རྫོང་དགོན་པའི་གནའ་དཔེ་ལེགས་སྒྲིག་པ་གྲྭ་བཙུན་ཀུན་བཟང་བསྟན་རྒྱས། རྫོང་མི་རིགས་སྐད་ཡིག་བྱ་བའི་ལྟེ་གནས་ཀྱི་ལོ་ཙཱ་བ་དཔལ་འབྱོར་ཚེ་རིང་དང་ལོ་བ་ཆོས་འཕེལ། བདུད་འདུལ་སྐྱབས་བཅས་ཀྱིས་གནའ་དཔེ་འཚོལ་སྡུད་དང་ཞིབ་འཇུག་བྱས་པའི་གྲུབ་འབྲས་དང་མཉམ་མྱོང་སོགས་རེ་བཞིན་ཁ་བརྡ་བྱས་པར་མ་ཟད། ལྷག་པར་དུ་ས་གནས་ཀྱི་ཡུལ་སྲོལ་དཔལ་ཡོན་དང་སྐྱེ་ཁམས་སྲུང་སྐྱོང་། ཀུན་སྤྱོད་སློབ་གསོ།མི་རིགས་མཐུན་སྒྲིལ། རྩོམ་རིག་སྒྱུ་རྩལ་སོགས་ཕྱོགས་སྒོ་མོ་ནས་ཁྱད་ཆོས་དང་རིན་ཐང་ལྡན་པའི་སྔགས་ས་དགེ་བཤེས་ཀྱི་གསུང་རྩོམ་གཙོར་བཟུང་སྟེ།  ཨ་རོལ་སྐུ་ཕྲེང་གསུམ་པ་དང་ཆུ་ཀྱཱ་ཚང་། ཕུར་ཚྭ་ཚང་སོགས་ས་གནས་ཀྱི་དགེ་བཤེས་ཆེན་མོ་དག་གི་གསུང་བཏུས་པར་སྐྲུན་དང་སྲུང་སྐྱོབ། འཚོལ་སྡུད་བྱེད་དགོས་པའི་ཐད་ནས་ལྟ་ཚུལ་ལྷུག་པོར་བརྗོད་པས། ཞིང་ཆེན་དང་ཁུལ་རིམ་པའི་གནའ་དཔེ་སྲུང་སྐྱོབ་ཚན་ཆུང་གི་འབྲེལ་ཡོད་མགོ་ཁྲིད་རྣམས་ཀྱིས་བསྟོད་སྐུལ་དང་བསྔགས་བརྗོད་མི་དམན་པ་བྱས། 
མཇུག་མཐར། མཚོ་ལྷོ་ཁུལ་མི་རིགས་སྐད་ཡིག་བྱ་བའི་ལྟེ་གནས་ཀྱི་ཀྲུའུ་རིན་སྙིང་བྱམས་རྒྱལ་གྱིས“ཐོག་མའི་སེམས་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་བཅངས་པའི”དགོངས་དོན་ལྟར་གནའ་དཔེ་སྲུང་སྐྱོབ་དང་མཚོ་ལྷོའི་ས་མིང་བརྡ་འགྲེལ་སོགས་ཀྱི་སྐོར་ནས་མུ་མཐུད་དུ་འབད་བརྩོན་ཆེན་པོ་དང་དོན་དངོས་ཀྱིས་ལག་བསྟར་གང་ལེགས་བྱེད་པའི་རེ་བ་དང་བསམ་ཚུལ་བརྗོད་དེ། ཐེངས་འདིའི་གནའ་དཔེ་ལེགས་སྒྲིག་དང་འཚོལ་སྡུད་སྐོར་གྱི་ཚོགས་འདིར་གནད་དུ་སྨིན་པའི་སྤྱི་སྡོམ་བྱས་ཏེ་ཚོགས་འདུ་རྒྱལ་ཁའི་ངང་མཇུག་སྒྲིལ།
འབྲེལ་ཡོད་འོས་སྦྱོར།