logo

༄༅།།《རྔ་བ་ཁུལ་གྱི་ས་མིང་རིག་གནས་ཀྱི་འགྲེལ་བཤད》རྩོམ་སྒྲིག་བྱེད་བཞིན་པའི་སྒང་ཡིན།

རྩོམ་པ་པོ།:རྡོ་རྗེ་དཔལ། ཡོང་ཁུངས།:རྔ་བའི་གསར་འགྱུར་དྲ་བ། དུས་ཚོད།:2020-07-09 ཀློག་གྲངས།:
ས་མིང་རིག་གནས་འཛིན་སྐྱོང་སྤེལ་གསུམ་གྱི་ཆེད་དུ། རྔ་བ་ཁུལ་བོད་ཡིག་རྩོམ་སྒྱུར་ཅུས་ཀྱིས《རྔ་བ་ཁུལ་གྱི་ས་མིང་རིག་གནས་ཀྱི་འགྲེལ་བཤད》རྩོམ་སྒྲིག་གི་ལས་ལ་བརྩོན་བཞིན་ཡོད་ལ། འབྲས་བུའང་ངེས་ཅན་ཐོབ་ཡོད།
རྒྱུས་ལོན་པ་ལྟར་ན། 2016ལོའི་ཟླ་8པར་སི་ཁྲོན་ཞིང་ཆེན་མི་རིགས་ཆོས་ལུགས་དོན་གཅོད་ཨུ་ཡོན་ལྷན་ཁང《རྔ་བ་ཁུལ་གྱི་ས་མིང་རིག་གནས་ཀྱི་འགྲེལ་བཤད》རྩོམ་སྒྲིག་བྱེད་པར་འཐད་པ་བྱུང་སྟེ། སི་ཁྲོན་ཞིང་ཆེན་གྱི་ཁུལ་གསུམ་གྱི་སྔོག་འདོན་གྲོན་དངུལ་གྱིས་མི་རིགས་རིག་གནས་འཛིན་སྐྱོང་ལ་རོགས་སྐྱོར་བྱེད་པའི་རྣམ་གྲངས་སུ་བཞག་པར་མ་ཟད། སྔ་གཞུག་ཏུ་ཁུལ་གསུམ་ལ་སྔོག་འདོན་གྲོན་དངུལ་སྒོར་ཁྲི་60ཡིས་རོགས་སྐྱོར་བྱས་ཡོད། 《རྔ་བ་ཁུལ་གྱི་ས་མིང་རིག་གནས་ཀྱི་འགྲེལ་བཤད》རྩོམ་སྒྲིག་བདེ་བར་འགྲུབ་ཆེད། ཁུལ་བོད་ཡིག་རྩོམ་སྒྱུར་ཅུས་ཀྱིས་《རྔ་བ་ཁུལ་གྱི་ས་མིང་རིག་གནས་ཀྱི་འགྲེལ་བཤད》རྩོམ་སྒྲིག་གི་འགོ་ཁྲིད་ཚན་ཆུང་བཙུགས་ཏེ། ཚན་ཆུང་རེས་རྫོང་ཁག་རེའི་འགན་ཁུར་བ་དང་རྫོང་ཁག་རེ་ནས་ཡུལ་དེ་གའི་ཆེད་མཁས་པ་2ནས་3བར་རྩ་འཛུགས་བྱས་ཤིང་། ཡུལ་སྡེ་རེ་རེར་སོང་ནས་རྒྱུ་ཆ་དངོས་འཚོལ་སྡུད་བྱས་རྗེས། ཁུལ་བོད་ཡིག་རྩོམ་སྒྱུར་ཅུས་ཀྱིས་ཚོགས་འདུ་བསྡུས་ཏེ་སྒྲིག་བཅོས་བྱེད་བཞིན་ཡོད།
ད་བར། ཞིབ་བཤེར་དང་འཚོལ་སྡུད། དག་བཅོས། རྩོམ་སྒྲིག ཞུ་དག་སོགས་ཀྱི་ལས་ཀ་བསྒྲུབས་ཏེ། 《རྔ་བ་ཁུལ་གྱི་ས་མིང་རིག་གནས་ཀྱི་འགྲེལ་བཤད》(མཛོད་དགེའི་པོད)དང《རྔ་བ་ཁུལ་གྱི་ས་མིང་རིག་གནས་ཀྱི་འགྲེལ་བཤད》(ཧུང་ཡོན་གྱི་པོད)《རྔ་བ་ཁུལ་གྱི་ས་མིང་རིག་གནས་ཀྱི་འགྲེལ་བཤད》(འཛམ་ཐང་གི་པོད)《རྔ་བ་ཁུལ་གྱི་ས་མིང་རིག་གནས་ཀྱི་འགྲེལ་བཤད》(ཟུང་ཆུའི་པོད)བཅས་རྩོམ་སྒྲིག་བྱས་ཟིན་ཡོད་པ་དང་མཐའ་མའི་ཞུ་དག་བྱེད་བཞིན་པའི་སྒང་ཡིན།《རྔ་བ་ཁུལ་གྱི་ས་མིང་རིག་གནས་ཀྱི་འགྲེལ་བཤད》(རྔ་བ་རྫོང་གི་པོད)ཀྱི་ཕྱེད་ཙམ་འགྲུབ་ཡོད་ལ། རྩོམ་སྒྲིག་ལ་གཞོལ་བཞིན་པའི་སྒང་ཡིན། དེ་མིན་མཛོད་དགེ་དང་ཧུང་ཡོན། འཛམ་ཐང་། ཟུང་ཆུ་བཅས་ཀྱི་སྲིད་འཛིན་དབྱེ་བགོ་རིགས་དང་མིང་གྲགས་ཆེ་བའི་རྗེས་ཤུལ་རིགས། ལྗོངས་སྐོར་མཛེས་ལྗོངས་རིགས། རང་བྱུང་ས་ཁམས་ཀྱི་རིགས་སོགས་ས་མིང་6400ལྷག་སྒྲ་ཕབ་འཚོལ་སྡུད་བྱས་ཡོད།
རྗེས་སུ། ཁུལ་བོད་ཡིག་རྩོམ་སྒྱུར་ཅུས་ཀྱིས《རྔ་བ་ཁུལ་གྱི་ས་མིང་རིག་གནས་ཀྱི་འགྲེལ་བཤད》(རྔ་བའི་པོད)ཅི་མགྱོགས་གང་མགྱོགས་སུ་རྩོམ་སྒྲིག་བྱེད་རྒྱུ་དང་།  《རྔ་བ་ཁུལ་གྱི་ས་མིང་རིག་གནས་ཀྱི་འགྲེལ་བཤད》རྩོམ་སྒྲིག་ལས་ཀ་སྤུས་ཚད་མཐོན་པོའི་ངང་ལེགས་པར་འགྲུབ་པར་བྱེད་རྒྱུ་རེད།
འབྲེལ་ཡོད་འོས་སྦྱོར།