logo

རང་ཁུལ་གྱིས་ཏང་གི་ཆེད་དོན་སློབ་ཁྲིད་ཀྱི་སྙན་ཞུ་ཚོགས་འདུ་བསྡུས།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་ལྷོ་གསལ་འགྱུར་དྲ་བ། དུས་ཚོད།:2021-08-19 ཀློག་གྲངས།:
རང་ཁུལ་གྱིས་ཏང་གི་ཆེད་དོན་སློབ་ཁྲིད་ཀྱི་སྙན་ཞུ་ཚོགས་འདུ་བསྡུས།
  ཟླ༨པའི་ཚེས༡༧ཉིན་གྱི་སྔ་དྲོར། རང་ཁུལ་གྱིས་ཏང་གི་ཆེད་དོན་སློབ་ཁྲིད་སྙན་ཞུའི་ཚོགས་འདུ་བསྡུས་ཤིང་། ཁུལ་ཨུའི་ཧྲུའུ་ཅི་ལུའེ་ཀང་གིས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་བར་ཞུགས་པའི་ཏང་གི་འཐུས་མི་དང་ཏང་ཡོན་མགོ་ཁྲིད་ལས་བྱེད་པར《ལོ་བརྒྱའི་འོད་སྟོང་འབར་བའི་ཏང་གི་ལོ་རྒྱུས་ལ་ཕྱིར་དྲན་བྱས་ནས་གསར་འབྱེད་ཡར་བརྩོན་གྱི་སྟོབས་ཤུགས་བསྡུ་ལེན་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་རྒྱང་བསྐྱོད་ལམ་བུ་གསར་བའི་ཐོག་གི་སྣེ་ཁྲིད་མཁན་དེ་བྱ་དགོས》ཞེས་པ་བརྗོད་དོན་ཡིན་པའི་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོའི་ཆེད་དོན་སློབ་ཁྲིད་བྱས་པ་རེད།
  ཏང་གི་སློབ་ཁྲིད་ཀྱི་སྙན་ཞུ་དེ“ཏང་གི་ལོ་བརྒྱའི་ལོ་རྒྱུས་ནི་ཐོག་མའི་བསམ་འདུན་ལག་ལེན་ཏུ་བསྟར་བའི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ཤིག་དང་། ཏང་གི་ལོ་བརྒྱའི་ལོ་རྒྱུས་ནི་ཏང་འཛུགས་སྐྱོང་གི་སྙིང་སྟོབས་རླབས་པོ་ཆེ་ལག་བསྟར་བྱེད་པའི་འབད་འཐབ་ལོ་རྒྱུས་ཤིག་ཡིན། ཀྲུང་གོ་གུང་ཁྲན་ཏང་ནི་འཇོན་ཐང་ལྡན་པ་དང་།མར་ཁེ་སིའི་རིང་ལུགས་ནི་མཆོག་ཏུ་གྱུར་བ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བཟང་བ་བཅས་ལ་ངོས་ཟིན་ཟབ་མོ་བྱས་ཏེ། གཙོ་འཛིན་གྱི་ཐུགས་ཁུར་དང་ལོ་བརྒྱའི་ཏང་གི་ལོ་རྒྱུས་ཁྲོད་ནས་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་དུ་བསྐྱོད་པའི་དུས་རབས་གསར་བའི་ཕུགས་འདུན་དོན་གཉེར་གྱིས་རྒྱང་བསྐྱོད་ལམ་བུ་གསར་བའི་བརྗིད་རྔམ་ལྡན་པའི་སྟོབས་ཤུགས་བསྡུ་ལེན་བྱ་དགོས”ཞེས་པའི་ཕྱོགས་བཞི་ནས་སོ་སོར་ལོ་བརྒྱའི་ཏང་གི་ལོ་རྒྱུས་ཀྱི་འོད་སྟོང་འབར་བའི་གྲུབ་འབྲས་དང་། ལོ་བརྒྱའི་ལོ་རྒྱུས་ཀྱི་འབད་འཐབ་སྙིང་སྟོབས།“གདེང་ཚོད་བཞི”ཞེས་པའི་རིགས་པའི་གཞུང་ལུགས་ཀྱི་གཏན་ཚིགས་དང་དུས་རབས་གསར་བའི་སེམས་ཤུགས་གོང་བུར་འགྲིལ་བའི་ལག་ལེན་གྱི་བླང་བྱ་བཅས་ལ་འགྲེལ་བཤད་གསལ་བོ་བྱས་པ་རེད།
 
   ཏང་གི་སློབ་ཁྲིད་ཀྱི་སྙན་ཞུའི་ནང་ཏང་གི་ལོ་བརྒྱའི་ལོ་རྒྱུས་ལ་ཕྱིར་དྲན་བྱས་པ་དང་། དུས་རིམ་བཞི་དང་ལོ་རྒྱུས་ཀྱི་གྲུབ་འབྲས་རླབས་ཆེན་བཞི་གསལ་སྟོན་བྱས་ཤིང་། ཏང་བཙུགས་ཀྱི་སྙིང་སྟོབས་རླབས་ཆེན་ལ་བརྒྱུད་རིམ་ལྡན་པའི་སྒོ་ནས་རྒྱས་བཤད་བྱས་ཤིང་། ལོ་རྒྱུས་ཀྱི་དུམ་བུ་རེ་རེ་དང་དཔའ་བོའི་བྱས་རྗེས་རེ་རེ་ནི་རྣ་བར་སྙན་ཞིང་ཁ་ལ་བདེ་བའི་མིང་རེ་རེ་བཅས་ལ་བརྟེན་ནས་ཚོགས་ཞུགས་མི་སྣར་ཕུགས་བསམ་དང་དད་སེམས། དམིགས་ཡུལ་གྱི་འདུ་ཤེས། བསམ་བློའི་ཁྲག་རྒྱུན། ཆབ་སྲིད་ཀྱི་རང་རྟོགས་བཅས་བརྗིད་རྔམ་ལྡན་པའི་སྟོབས་ཤུགས་ཆོར་བར་བྱས་ཤིང་། ཚང་མས“འདུ་ཤེས་བཞི”ལ་ཤུགས་སྣོན་དང“གདེང་ཚོད་བཞི”ཇེ་བརྟན་དུ་བཏང་ནས“སྲུང་སྐྱོང་གཉིས”ཐུབ་པར་བྱེད་དགོས་པའི་དྲན་སྐུལ་གནང་།
  ཏང་གི་སློབ་ཁྲིད་ཀྱི་སྙན་ཞུའི་ནང་ཏང་གི་ངོ་བོ་དང་སྤྱོད་ཚུལ་ལ་བརྟེན་ནས་ཀྲུང་གོ་གུང་ཁྲན་ཏང“འཇོན་པ”གསལ་བཤད་བྱས་པ་དང་། མར་ཁེ་སི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཀྱི་ངོ་བོའི་ཁྱད་ཆོས་ཆེན་པོ་གསུམ་གྱི་ཐོག་ནས་མར་ཁེ་སི་རིང་ལུགས“མཆོག་ཏུ་གྱུར་བ”ཡིན་པ་ལ་གོ་བ་ལེན་པ་དང་། རྒྱལ་ཁབ་ཀྱི་གནས་ཚུལ་དངོས་དང་རླབས་ཆེན་གྱི་གྲུབ་འབྲས་ལས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས“བཟང་བ”ར་སྤྲོད་བྱས་ལ། གཏམ་རྒྱུད་ལས་གནས་ལུགས་བཤད་པ་དང་། གྲངས་ཀར་བརྟེན་ནས་དབྱེ་ཞིབ་བྱེད་པ། དོན་སྙིང་ཟབ་ལ་གོ་བདེ་བའི་ཐོག་ནས་ཚང་མར་ངོ་བོར་གོ་བ་ལེན་ཏུ་བཅུག་པ་དང་། རིགས་པའི་གཞུང་ལུགས་ཁོང་དུ་ཆུད་པ། སེམས་ལ་ཟུག་པ་བཅས་ཀྱི་དམིགས་ཡུལ་འགྲུབ་པར་བྱས་པ།  ཏང་གི་སློབ་ཁྲིད་ཀྱི་སྙན་ཞུའི་ཚོགས་འདུའི་སྟེང་ལུའེ་ཀང་གིས་དཔེ་སྟོན“ལྔ”ལ་བརྟེན་ནས་བླང་བྱ་གསལ་གཤད་བྱས།ཁོང་གིས་དཔེ་ལེགས་སྣེ་ཁྲིད་དང་ཚད་འཛིན་སར་དྲན་སྐུལ་བྱས་ཏེ་ཚང་མས་བྱ་སྤྱོད་ཐོག་ནས་བློ་སྦྱོང་བྱེད་པ་དང་། ཆུང་ཕྱོགས་ནས་ཁྱོན་ཡོངས་ལ་ལྟ་བ།  ཞིབ་ཕྲའི་ཐོག་ནས་སྤྱོད་གཙང་ལ་ལྟ་བ་བཅས་བྱས་ནས་ཚང་མར་ཚད་གཞི་འཛིན་ས་དང་ཉེན་བརྡ་བཏང་བ་ཡིན་ཞེས་ནན་གྱིས་བསྟན།
   ཚོགས་འདུའི་ཐོག་ཚང་མས་ནན་ཏན་གྱིས་ཉན་པ་དང་གོ་བ་གཏིང་ཟབ་བླངས་ནས་ཧྲུའུ་ཅི་ལུའེ་ཀང་གི་རེ་བ་རང་རྟོགས་ཀྱིས་རང་ཁུལ་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་བའི་གྲོས་ཞིབ་ནང་དོན་དོན་འཁྱོལ་ཡོང་བ་བྱས་ཏེ། ཏང་གི་སློབ་ཁྲིད་གྱི་ལྟེ་བའི་དོན་སྙིང་དེ་རང་འཁྲིའི་བྱ་བའི་ཁྲོད་ཁྱབ་པར་བྱེད་པ་དང་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བའི་སྒུལ་ཤུགས་ཆེན་པོར་འགྱུར་བར་བྱས་ནས། ཁུལ་ཡོངས་ཀྱི“ལྔའི་བཅུ་བཞི་བ”མགོ་ཡག་པོ་ཞིག་འཛུགས་པ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བྱེད་པར་རང་ནུས་ཡོད་ཚད་འདོན་དགོས་ཞེས་བསྟན།
  ཁུལ་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་ཁོངས་མི་དང་ཁུལ་ཨུའི་པུའུ་ཨུ་སོ་སོ་དང་། ཁུལ་ཐད་གཏོགས་ལས་ཁུངས། མི་དམངས་ཚོགས་པ། ཁུལ་དུ་བཅའ་སྡོད་བྱས་ཡོད་པའི་རྫོང་རིམ་པ་གཞོན་པ་ཡན་གྱི་མགོ་ཁྲིད་ལས་བྱེད་པ། ཁུལ་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་བའི་འཐུས་མི་བཅས་སྙན་ཞུའི་ཚོགས་འདུར་ཞུགས་ཡོད།
 
འབྲེལ་ཡོད་འོས་སྦྱོར།