logo

༄༅། །བོད་ཀྱི་རིག་གནས་ཀྱི་ཁྱད་ལྡན་གྲངས་གཞིའི་མཛོད་བཙུགས་པ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མི་དམངས་དྲྭ་བ། དུས་ཚོད།:2021-10-29 ཀློག་གྲངས།:
        འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་10ཚེས་26ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པས་བོད་ལྗོངས་མི་རིགས་སློབ་ཆེན་ནས་ཤེས་རྟོགས་བྱས་པར་གཞིགས་ན། སློབ་གྲྭ་དེས་མིག་སྔར་བོད་ཀྱི་རིག་གནས་ཀྱི་ཁྱད་ལྡན་གྲངས་གཞིའི་མཛོད་བཙུགས་པ་དང་། གྲངས་གཞིའི་མཛོད་འདིས་ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་པར་ཚད་ལྡན་ཡིག་ཆའི་ཐོན་ཁུངས་མཉམ་སྤྱོད་སྟེགས་བུ་བསྐྲུན་ཡོད། མིག་སྔའི་བར། གྲངས་གཞིའི་མཛོད་ནང་བོད་རིག་པའི་དཔེ་དེབ་བརྒྱད་སྟོང་ལྷག་ཙམ་དང་། དཔྱད་རྩོམ་ཁྲི་བཅུ་ལྷག་ཙམ། ཕྱི་རྒྱལ་ཡི་གེའི་ཚད་ལྡན་ཡིག་ཆ་ཁྲི་ཉི་ཤུ་ལྷག་ཙམ། ཆེད་དོན་དཔྱད་ཡིག་ཁྲི་ལྔ་ལྷག་ཙམ་བཅས་བསྡུས་ཡོད་པ་རེད།
        གྲངས་གཞིའི་མཛོད་འདི་ནི་བོད་ཀྱི་རིག་གནས་ཆ་འཕྲིན་ཐོན་ཁུངས་འཚོལ་བསྡུ་དང་། ལེགས་སྒྲིག ཉར་ཚགས། དོ་དམ་བཅས་གཞི་གཅིག་ཏུ་བསྡུས་པའི་གྲངས་འཛིན་ཐོན་ཁུངས་མཉམ་སྤྱོད་ཞབས་ཞུའི་ལས་སྟེགས་ཤིག་རེད། གྲངས་གཞིའི་མཛོད་ནང་བོད་རིག་པའི་དཔེ་དེབ་དང་། དུས་དེབ་ཀྱི་དཔྱད་རྩོམ། སློབ་གནས་ཀྱི་དཔྱད་རྩོམ་སོགས་ཞོར་གཏོགས་མཛོད་མང་པོ་ཚུད་ཡོད་པ་དང་། ནང་དོན་གྲས་སུ་བོད་སྐད་ཡིག་དང་། ལོ་རྒྱུས། ས་ཁམས། ཆོས་ལུགས། མཚན་ཉིད་རིག་པ། མི་ཆོས་ཀྱི་ཀུན་སྤྱོད། རྩོམ་རིག་སྒྱུ་རྩལ། ཚན་རྩལ། གནམ་རིག་སྐར་རྩིས། བོད་ཀྱི་གསོ་བ་རིག་པ། དམངས་སྲོལ་གོམས་གཤིས། རིག་གནས་ཤུལ་བཞག་སོགས་རིགས་ཁག་གི་ཚད་ལྡན་ཡིག་ཆ་ཚུད་ཡོད་པས་སྲོལ་རྒྱུན་གྱི་ཤོག་རིགས་དང་གློག་རྡུལ་གྱི་ཚད་ལྡན་ཡིག་ཆ་དང་སྒྲ་བརྙན་ཐོན་ཁུངས་མཉམ་འདྲེས་ཀྱི་ཐོན་ཁུངས་མ་ལག་ཆགས་ཏེ་སྤྱོད་མཁན་ལ་དེ་བས་ཆ་ཚང་བའི་དཔྱད་གཞི་མཁོ་འདོན་བྱས་ཡོད་པ་རེད།
        བོད་ལྗོངས་མི་རིགས་སློབ་ཆེན་གྱིས་དུས་ཡུན་ལོ་8སྤྱད་དེ་བོད་ཀྱི་རིག་གནས་ཀྱི་ཁྱད་ལྡན་གྲངས་གཞིའི་མཛོད་བཙུགས་པ་དང་། གྲངས་གཞིའི་མཛོད་བཙུགས་པར་དུས་ཐེངས་གསུམ་ལ་དབྱེ་བ་སྟེ། དུས་ཐེངས་དང་པོར་གྲངས་གཞིའི་མཛོད་ཀྱི་ལས་སྟེགས་ཇུས་འགོད་དང་། རིགས་དབྱེའི་ཚད་ལྡན་ཚད་གཞི་བཟོ་བ། དེ་བཞིན་གྲངས་གཞི་སྤོ་འཛུགས་སོགས་ཀྱི་ལས་འགན་ལེགས་གྲུབ་བྱུང་བ་དང་། དུས་ཐེངས་གཉིས་པར་ལྷ་མོའི་ཆེད་དོན་ཐོན་ཁུངས་མཛོད་དང་། གེ་སར་གྱི་ཆེད་དོན་ཐོན་ཁུངས་མཛོད། བོད་རིག་པའི་ཆེད་ལས་དུས་དེབ་མཛོད་སོགས་ཀྱི་ལས་དོན་གཙོ་བོ་སྤེལ་བ། དུས་ཐེངས་གསུམ་པར་བོད་རིགས་ཀྱི་ཤིང་བརྐོས་རི་མོའི་མཛོད་དང་གྲགས་ཅན་གྱི་བོད་རིག་པའི་རིགས་གཅིག་མཁས་ཅན་གྱི་ཤེས་བྱའི་མཛོད་འཛུགས་བཞིན་ཡོད་པ་རེད། གོམ་སྟབས་རྗེས་མར་ད་དུང་ལག་ཐོགས་ཁ་པར་གྱི་ཁྱད་ལྡན་མཛོད་ཀྱི་སྒུལ་བདེའི་དུད་སྣེ་གཙོ་གནད་ཐོག་གསར་སྤེལ་བྱས་ནས་བོད་རིག་པ་ཞིབ་འཇུག་གི་རིགས་གཅིག་མཁས་ཅན་དང་མཁས་དབང་ཚོས་ག་དུས་ཡིན་ནའང་ལག་ཐོགས་ཁ་པར་སྤྱད་དེ་འབྲེལ་ཡོད་དཔྱད་ཡིག་ལྟ་ཀློག་བྱེད་ཆོག་གི་ཡོད་པ་རེད།
འབྲེལ་ཡོད་འོས་སྦྱོར།