logo

བོད་ལྗོངས་ཀྱི་གསར་རྙེད་འདི་ན་ནིང་གི་གསར་རྙེད་ཆེན་པོ་བཅུའི་ནང་ཚུད་འདུག

རྩོམ་པ་པོ།: ཡོང་ཁུངས།:ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། དུས་ཚོད།:2022-01-17 ཀློག་གྲངས།:
        ཉེ་ཆར། «Archaeology»«གནའ་རྫས་རྟོག་ཞིབ།»དུས་དེབ་ཀྱིས་2021ལོའི་འཛམ་གླིང་གནའ་རྫས་རྟོག་ཞིབ་ཀྱི་གསར་རྙེད་ཆེན་པོ་བཅུ་བདམས་ཡོད་ཅིང་། མཚོ་བོད་ས་མཐོའི་ཚན་རྩལ་གནའ་རྫས་རྟོག་ཞིབ།—བོད་རང་སྐྱོང་ལྗོངས་སྟོད་ལུང་བདེ་ཆེན་ཆུ་བཟང་ཆུ་ཚན་ནས་གསར་རྙེད་བྱུང་བའི་གནའ་མིའི་རྐང་ལག་གི་རྗེས་ཤུལ་བདམས་ཐོན་བྱུང་ཡོད་པ་རེད།
ཆུ་བཟང་ཆུ་ཚན་གནས་སའི་རྡོ་ཐལ་བྲག་རྡོའི་ས་དབྱིབས། པར་རིས་སློབ་དཔོན་ཀྲང་ཏེན་གྱིས་མཁོ་འདོན་བྱས།
        2021ལོའི་ཟླ་9ཚེས་10ཉིན། ཀོང་ཀྲོའུ་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ཀྲང་ཏེན་ཀྲུང་གོ་ཚན་རིག་ཁང་མཚོ་བོད་ས་མཐོའི་སའི་གོ་ལའི་ཚན་རིག་ཁྱད་འཕགས་གསར་གཏོད་ལྟེ་གནས་ཀྱི་གདན་བཞུགས་ཞིབ་འཇུག་པ།གྱི་སྣེ་ཁྲིད་འོག ཀྲུང་གོ་ཚན་རིག་ཁང་མཚོ་བོད་ས་མཐོའི་སུའོ་ཡི་ཞིབ་འཇུག་པ་ཝང་ཡ་ཧྥེང་དང་། ལན་གྲུ་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ཀྲང་ཏུང་ཅུས་སོགས་རྒྱལ་ཁབ་ཕྱི་ནང་གི་མཁས་དབང་ཚོས་མཉམ་དུ་མཚོ་བོད་ས་མཐོར་གསར་རྙེད་བྱུང་བའི་གནའ་མིའི་རྐང་ལག་གི་རྗེས་ཤུལ་ལ་དབྱེ་ཞིབ་གནང་ཤིང་། “Earliest parietal art: hominin hand and foot traces from the middle Pleistocene of Tibet”ཞེས་པའི་རྩོམ་ཡིག་དྲ་ལམ་ནས་Science Bulletinཐོག་སྤེལ་བ་རེད། རྒྱལ་ཁབ་ཀྱི་མཚོ་བོད་ས་མཐོར་ཕྱོགས་བསྡུས་ཚན་རིག་ཞིབ་འཇུག་བྱེད་པའི་ཆེད་དོན་རྣམ་གྲངས་ནི་རྣམ་གྲངས་དེའི་གྲུབ་འབྲས་ཀྱི་རོགས་སྐྱོར་རྣམ་གྲངས་གྲས་ཤིག་ཡིན།
2018ལོའི་དབྱར་ཁར། ཀྲང་ཏེན་གྱིས་སྣེ་ཁྲིད་པའི་ཀོང་ཀྲོའུ་སློབ་ཆེན་ཚོགས་པས་ཆུ་བཟང་ཆུ་ཚན་དུ་རྐང་ལག་གི་རྗེས་ཤུལ་རྙེད་པ། པར་རིས་སློབ་ཀྲང་ཏེན་གྱིས་མཁོ་འདོན་བྱས།
       ཧ་ལམ་ལོ་འབུམ་གཉིས་གོང་གི་འཁྱགས་པའི་དུས་རབས་སུ་ཕྲུ་གུ་ཚོས་མཚོ་བོད་ས་མཐོའི་རྡོ་ཐལ་བྲག་རྡོའི་སྟེང་རྐང་ལག་གི་རྗེས་ཤུལ་བཀོད་པས། དེ་མིའི་རིགས་ཀྱི་མེས་པོ་ཚོ་ས་ཆ་དེར་འཚོ་སྡོད་བྱས་པའི་དཔང་རྟགས་སྔ་ཤོས་ཆགས་ཡོད། འདི་ནི་ད་སྔ་གསར་རྙེད་བྱུང་ཟིན་པའི་སྒྱུ་རྩལ་འདི་རིགས་ཁྲོད་ཀྱི་ལོ་རྒྱུས་རིང་ཤོས་ཀྱི་དཔེ་མཚོན་དུ་འགྲོ་ཐུབ་པའི་ཤས་ཆེ་བ་ཡིན།
གནའ་བོའི་མིའི་རིགས་ཀྱིས་ཐཱན་སྐྱུར་ཀལ་འདམ་སྙིའི་ཐོག་རྐང་ལག་གི་རྗེས་ཤུལ་འཇོག་བཞིན་པའི་ལད་ཟློས་རི་མོ།
        ཤེས་རྟོགས་བྱུང་བར་གཞིགས་ན། དེ་དང་ཆབས་ཅིག «Archaeology»དུས་དེབ་2021ལོའི་འཛམ་གླིང་གི་གནའ་རྫས་རྟོག་ཞིབ་ཀྱི་གསར་རྙེད་ཆེན་པོའི་ནང་ཚུད་པ་ལ། ཨེ་ཅིབ་ཀྱི་ལུའུ་ཁེ་སུའོ་ཡི་བོར་བརླག་ཏུ་སོང་བའི་གསེར་ལྡན་གྲོང་ཞེེས་པ་དང་། མོ་རོ་ཁོའི་ཁུང་ཐེ་ལེ་པན་ཏིར་སིའི་བྲག་ཕུག་གི་པགས་པ་ལས་སྣོན་སྔ་ཤོས་ཞེས་པ། ཨ་མེ་རི་ཁའི་མོ་ཞི་ཁོ་ཁུལ་གསར་པའི་པེ་ཧྲ་རྒྱལ་ཁབ་སྤྱི་གླིང་གི་མེ་གླིང་དུ་སླེབས་སྔ་ཤོས་ཀྱི་མི་ཞེས་པ། སོ་ཏི་ཨ་རབ་བྱང་རྒྱུད་ཀྱི་ཆེས་གནའ་བོའི་སྲོག་ཆགས་ཀྱི་འབུར་བརྐོས། ཧྥ་རན་སིའི་ལེ་ཨང་གི་ལིའི་དུས་རབས་ཀྱི་ས་བཀྲ། དབྱི་ཐ་ལིའི་རོ་མའི་བླ་མེད་མཚམས་རྡོ། ཁ་ན་ཏའི་ཉིའུ་ཧྥུན་ལན་གྱི་ཝུའེ་ཅིང་བས་ནུབ་རྒྱ་མཚོ་ཆེ་མོའི་འཕྲེད་དུ་བསྒྲལ་བའི་དུས་ཚོད་གཏན་འཁེལ་བྱུང་བ། ལེ་པ་ནོན་གྱི་ཞི་ཏུན་གྱི་རྒྱ་གྲམ་རྟགས་ཅན་གྱི་དམག་མིས་དམར་གསོད་བཏང་བའི་དུར་ཁྲོད། ཨ་རིའི་ཁྲ་ཁ་ལོ་ལེ་ན་ལྷོ་མ་མངའ་སྡེའི་ཁྲའར་སི་ཏུན་གྱི་མི་རིགས་ནག་པོའི་བྲན་གཡོག་གི་ཐོབ་ཐང་དབྱེ་འབྱེད་བྱང་བུ་བཅས་ཡོད་པ་རེད།
ཀྲང་ཏེན་གཡས་གྱིས་ཆུ་བཟང་གྲོང་ཚོའི་ཧྲུའུ་ཅི་དང་མཉམ་དུ་རྐང་ལག་གི་རྗེས་ཤུལ་དེར་སྲུང་སྐྱོབ་བྱེད་ཐབས་གྲོས་མོལ་བྱེད་བཞིན་པ། པར་རིས་ཀྲང་ཏན་གྱིས་མཁོ་འདོན་བྱས།
        «Archaeology»དུས་དེབ་ནི་ཨ་རིའི་གནའ་རྫས་རྟོག་ཞིབ་སློབ་ཚོགས་ཀྱིས་གཙོ་གཉེར་བྱེད་པའི་སྤྱི་དམངས་ལ་ཁ་གཏད་པའི་ཟླ་ཟུང་དུས་དེབ་ཅིག་ཡིན་ཞིང་། ལོ་70ལྷག་ལ་ཆད་མེད་དུ་པར་བསྐྲུན་བྱས་ཡོད། 2006ལོ་ནས་བཟུང་དུས་དེབ་དེས་ལོ་རེའི་ཟླ་12པར་ལོ་འདིའི་འཛམ་གླིང་གི་གནའ་རྫས་རྟོག་ཞིབ་ཀྱི་གསར་རྙེད་ཆེན་པོ་བཅུ་དཔྱད་འདེམས་བྱེད་འགོ་ཚུགས་ཤིང་། འཛམ་གླིང་ཐོག་ཤུགས་རྐྱེན་ཆེན་པོ་ལྡན་ཡོད།
ཆུ་བཟང་ཆུ་ཚན་གྱི་རྐང་ལག་གི་རྗེས་ཤུལ་གྱི་ཚོན་བཏང་3Dབཤེར་འབེབས་དཔེ་དབྱིབས། པར་རིས་ཀྲང་ཏན་གྱིས་མཁོ་འདོན་བྱས།
འབྲེལ་ཡོད་འོས་སྦྱོར།