འདབ་པའི་ཕན་རོཊ་གནའ་ཤུལ་རྒྱལ་ཡོངས་ཀྱི་གསར་རྙེད་ཆེན་པོའི་ནང་ཚུད་པ།
རྩོམ་པ་པོ།:
ཡོང་ཁུངས།:ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།
དུས་ཚོད།:2022-02-14
ཀློག་གྲངས།:
སྤྱི་ཟླ2པའི་ཚེས8ཉིན། སྤྱི་ལོ2021ལོའི་རྒྱལ་ཡོངས་ཀྱི་གནའ་རྫས་རྟོག་ཞིབ་གསར་རྙེད་ཆེན་པོ་བཅུའི་ཐོག་མའི་དཔྱད་འདེམས་འགོ་ཚུགས་པ་དང་། སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་འདབ་པ་རྫོང་ཕན་རོགས་གནའ་ཤུལ་དང་ཀོང་ཧན་སན་ཞིང་ཏུའེ་གནའ་ཤུལ་གྱི་མཆོད་འབུལ་ཁུལ་སོགས་སྤྱི་ལོ2021ལོའི་རྒྱལ་ཡོངས་ཀྱི་གནའ་རྫས་རྟོག་ཞིབ་གསར་རྙེད་ཆེན་པོ་བཅུའི་ཐོག་མའི་དཔྱད་འདེམས་རྣམ་གྲངས་བདམས་ཐོན་བྱུང་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། སྤྱི་ལོ2021ལོར། རྒྱལ་ཡོངས་སུ་ཞིབ་བཤེར་ཆོག་མཆན་བཀོད་ཅིང་གནའ་རྫས་རྟོག་ཞིབ་སྔོག་འདོན་བྱས་པའི་རྣམ་གྲངས་ཁག1700ལྷག་ཡོད་ལ། འོས་འདེམས་རྣམ་གྲངས་ཁག་སྔོག་འདོན་བྱེད་མཁན་སྡེ་ཁག་གིས་རང་འགུལ་ངང་གོང་ཞུ་བྱས་པ་དང་། རྒྱལ་ཁབ་རིག་དངོས་ལས་ཁུངས་ཀྱིས་ཞིབ་བཤེར་གཏན་འབེབས་བྱས་པར་བརྒྱུད། མཐར་རྣམ་གྲངས32དཔྱད་བསྡུར་ཁྲོད་བདམས་ཡོད་པ་རེད། དཔྱད་འདེམས་བྱེད་སྒོ་གཞུང་ལས་ཁང་གིས་རྩ་འཛུགས་བྱས་ནས་འདེམས་ཤོག་འཕང་རྗེས་རྣམ་གྲངས20མཇུག་མཐའི་དཔྱད་བསྡུར་དུ་འོས་སྦྱོར་བྱ་རྒྱུ་ཡིན་པ་རེད།
ཕན་རོགས་གནའ་ཤུལ་རྙེད་ཡུལ་དུ་མཚོ་འཕགས་སྨི3700ལྷག་ཡོད་པ་དང་། གནའ་ཤུལ་སྔོག་འདོན་བྱས་ཚུན་དུ་གནའ་རྫས་རྟོག་ཞིབ་པ་ཚོས་དེ་གར་སྟ་རེ་སོགས་རྡོ་ཆས་ཁྲི་གཅིག་ལ་ཉེ་བ་གསར་རྙེད་བྱུང་ཡོད། ཀྲུང་གོའི་ལྷོ་ནུབ་ས་ཁུལ་དུ་མཚོན་རྟགས་རང་བཞིན་གྱི་རྡོ་ཆས་རྙིང་པའི་དུས་རབས་ཀྱི་རིག་གནས་རིམ་སྟར་ཐོག་མར་བཙུགས་པ་མངོན་ཡོད། རྗེས་ཤུལ་ཁུལ་དུ་རྙེད་པའི་སྟ་རེ་ནི་མིག་སྔའི་འཛམ་གླིང་ཐོག་ས་བབ་མཐོ་ཤོས་ཀྱི་ཨ་ཧྲེ་ལིའི(ཨ་ཧྲེ་ལི་ཞེས་པ་ནི་རྡོ་ཆས་རྙིང་མའི་རིག་གནས་ཀྱི་དུས་མཚམས་ཤིག་སྟེ་ད་བར་དུ་ལོ་ཁྲི170ནས་ཁྲི20ཙམ་གྱི་ལོ་རྒྱུས་ཡོད་པ་དང་། ཧྥ་རན་སིའི་ཨ་ཧྲེ་ལི་ཞེས་པའི་ས་ཆར་ཐོག་མར་རྙེད་པས་མིང་དེ་ལྟར་ཐོགས་པ་རེད)ལག་རྩལ་ཤུལ་བཞག་ཅིག་ཡིན་པ་དང་། མིག་སྔའི་ཨ་ཤེ་ཡ་ཤར་མའི་ས་ཁུལ་གྱི་རྣམ་པའི་དཔེ་མཚོན་ཆེ་ཤོས་དང་། བཟོ་སྐྲུན་ཆེས་མཛེས་ཤོས། ལག་རྩལ་ཆེས་བྱང་ཆུབ་པ། སྡེབ་སྒྲིག་ཆེས་འཐུས་ཚང་བཅས་ཀྱི་ཨ་ཧྲེ་ལི་སྡེབ་སྒྲིག་བྱས་ནས། ཞིབ་འཇུག་དང་རྡོ་ཆས་རྙིང་མའི་དུས་རབས་ཀྱི་ཤར་ནུབ་རིག་གནས་སྤེལ་རེས་ལ་འགག་རྩའི་དཔང་རྟགས་མཁོ་འདོན་བྱས་ཡོད།གནའ་ཤུལ་དེ་རྒྱུན་མཐུད་ཀྱི་ས་རིམ་ཕུང་གསོག་ཐེབས་པ་དང་།འཐུས་སྒོ་ཚང་བའི་ས་འོག་ཏུ་སྦས་པའི་ཆ་རྐྱེན་ལྡན་པ། གསལ་པོ་ཡིན་པའི་རྡོ་ཆས་ལག་རྩལ་རིམ་འགྱུར་གྱི་གོ་རིམ་བཅས་ཀྱི་ཐོག་ནས་སྔ་དུས་མིའི་རིགས་ཀྱིས་ས་བབ་མཐོ་བའི་ཁོར་ཡུག་ཁྲོད་འཚོ་སྡོད་ཐུབ་པའི་ནུས་པ་དང་། བྱེད་ཐབས། ལོ་རྒྱུས་ཀྱི་འཕེལ་རིམ་བཅས་མཚོན་པ་དང་། མིའི་རིགས་གང་སར་ཁྱབ་ཚུལ་དང་ས་བབ་མཐོ་བའི་ཁོར་ཡུག་དང་འཚམ་པའི་ཐད་ཞིབ་འཇུག་བྱ་ཆེད་ཆ་འཕྲིན་གལ་ཆེན་མཁོ་འདོན་བྱས་ཡོད་པ་རེད།
ཕན་རོགས་གནའ་ཤུལ་ནི་འཛམ་གླིང་རང་བཞིན་གྱི་རིག་གཞུང་དང་སྤྱི་ཚོགས་དང་ཆབ་སྲིད་ཀྱི་དོན་སྙིང་གལ་ཆེན་ལྡན་པའི་གནའ་རྫས་རྟོག་ཞིབ་ཀྱི་ཤེས་རྟོགས་གསར་པ་ཞིག་ཡིན་པ་དང་དེས་རྒྱལ་ཁབ་ཕྱི་ནང་དུ་རིག་གཞུང་གི་ཤུགས་རྐྱེན་ཐེབས་ཤུགས་གལ་ཆེན་ཐོན་རྒྱུ་ཡིན་པ་མཚོན་གྱི་ཡོད།
འབྲེལ་ཡོད་འོས་སྦྱོར།