logo

མཚོ་སྔོན་ནས་བྲག་ཕུག་ལྷ་ཁང་དང་བྲག་བརྐོས་སྐུ་བརྙན༣༡གསར་དུ་རྙེད་པ།

རྩོམ་པ་པོ།: ཡོང་ཁུངས།:ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། དུས་ཚོད།:2022-02-17 ཀློག་གྲངས།:
        ཉིན་ཤས་གོང་། གསར་འགོད་པས་མཚོ་སྔོན་ཞིང་ཆེན་རིག་དངོས་གནའ་རྫས་རྟོག་ཞིབ་ཞིབ་འཇུག་སུའོ་ནས་ཤེས་རྟོགས་བྱས་པར་གཞིགས་ན། དུས་ཡུན་ཟླ་བ་གཉིས་ལྷག་རིང་ཆེད་དོན་བརྟག་དཔྱད་བྱས་པ་ལས་མངོན་པར། མཚོ་སྔོན་ཞིང་ཆེན་དུ་ད་ལྟའི་བར་བྲག་ཕུག་ལྷ་ཁང་དང་བྲག་བརྐོས་སྐུ་བརྙན༣༡ཡོད་པ་དང་། བྲག་ཕུག་ལྷ་ཁང་དེ་དག་གཙོ་བོ་ཤར་རྒྱུད་ཀྱི་ཙོང་ཆུའི་རོང་དུ་གནས་ཤིང་། བྲག་བརྐོས་སྐུ་བརྙན་གཙོ་བོ་ཡུལ་ཤུལ་དང་མཚོ་ནུབ། མགོ་ལོག་བཅས་སུ་གནས་ཡོད་པ་རེད།
       ཤེས་རྟོགས་བྱུང་བ་ལྟར་ན། ཐེངས་འདིའི་བརྟག་དཔྱད་བྱས་འབྲས་ཀྱི་བྲག་ཕུག་ལྷ་ཁང་དང་བྲག་བརྐོས་སྐུ་བརྙན༣༡གི་ནང་དུ་ཕུའུ་གསུམ་དཔྱད་གཞིའི་ཡིག་ཆའི་ནང་ཤེས་རྟོགས་བྱུང་བའི་རིགས༢༨དང་། ཉེ་བའི་ལོ་ཤས་རིང་གསར་དུ་ཤེས་རྟོགས་བྱུང་བའི་རིགས༣འདུས་ཡོད་པ་རེད། བརྟག་དཔྱད་བྱེད་པའི་བརྒྱུད་རིམ་ནང་། བརྟག་དཔྱད་ཚོགས་ཆུང་གིས་དེ་དག་གི་གཞི་རྩའི་གནས་ཚུལ་དང་། ཉར་ཚགས་གནས་ཚུལ། ཉེན་ཁ་གཙོ་བོ། བདེ་འཇགས་ཉེན་ཟོན་གྱི་གནས་ཚུལ་སོགས་ཀྱི་ཐད་ལ་བརྟག་དཔྱད་བྱས་ཡོད་པ་རེད། ཐེངས་འདིའི་བརྟག་དཔྱད་ཀྱིས་མཚོ་སྔོན་ཞིང་ཆེན་བྲག་ཕུག་ལྷ་ཁང་ཁྱབ་ཚུལ་དང་། ནང་དོན། ཉར་ཚགས་གནས་ཚུལ་བཅས་གཞི་རྩའི་ཆ་ནས་ཤེས་རྟོགས་བྱས་ཡོད་པ་དང་། མཚོ་སྔོན་ཞིང་ཆེན་གྱི་བྲག་ཕུག་ལྷ་ཁང་སྲུང་སྐྱོང་དང་བེད་སྤྱོད་བྱ་རྒྱུར་རྨང་གཞི་བརྟན་པོ་ཞིག་བཏིངས་ཡོད་པ་རེད།
       ལས་དོན་མི་སྣས་ངོ་སྤྲོད་བྱས་པར་གཞིགས་ན། ད་ལྟའི་དུས་མཚམས་ཀྱི་བརྟག་དཔྱད་ལས་བལྟས་ཚེ། མཚོ་སྔོན་ཞིང་ཆེན་གྱི་བྲག་ཕུག་ལྷ་ཁང་གཙོ་བོ་ཤར་རྒྱུད་ཀྱི་ཙོང་ཆུའི་རོང་སར་གནས་པ་དང་། བྲག་བརྐོས་སྐུ་བརྙན་གཙོ་བོ་ཡུལ་ཤུལ་དང་། མཚོ་ནུབ། མགོ་ལོག་བཅས་སུ་ཁྱབ་ཡོད་པ་རེད། དེའི་འཛུགས་སྐྲུན་གྱི་ལོ་རབས་སྔ་ཤོས་ནི་རྒྱལ་རབས་ལྷོ་མ་དང་བྱང་མ་ཡིན་པ་དང་། མིང་དང་ཆིང་རྒྱལ་རབས་བར་དུ་རྒྱུན་བསྲིངས་ཡོད། བྲག་ཕུག་ནང་གི་བརྐོས་རིས་དང་། ཐིག་རིས། འཇིམ་བརྐོས། ཚོན་བྲིས་ལྷ་སྐུ་བཅས་དང་དེ་བཞིན་ནང་བསྟན་གྱི་གཏམ་རྒྱུད་བཅས་ཡོད་པ་དང་། བྲག་བརྐོས་སྐུ་བརྙན་ཁག་ཅིག་ལས་སྔ་དུས་ཀྱི་རུའུ་ལུགས་དང་སངས་རྒྱས་ཆོས་ལུགས་མཉམ་འདྲེས་བྱས་པ་གང་ལེགས་མངོན་བཞིན་ཡོད་པ་རེད།
འབྲེལ་ཡོད་འོས་སྦྱོར།