བོད་བྱང་ཐང་ནས་གསར་རྙེད་བྱུང་བའི་སི་བཏགས་དངོས་རྫས།
རྩོམ་པ་པོ།:
ཡོང་ཁུངས།:ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུ
དུས་ཚོད།:2022-05-07
ཀློག་གྲངས།:
ཉེ་དུས་སྐོང་འཚོགས་བྱས་པའི་བོད་ལྗོངས་ཀྱི་གནའ་རྫས་རྟོག་ཞིབ་གྲུབ་འབྲས་སྤྱི་དམངས་ལ་མཉམ་སྤྱོད་བྱེད་པའི་ཚོགས་འདུའི་ཐོག ཀྲུང་གོའི་དར་གོས་རྟེན་རྫས་བཤམས་སྟོན་ཁང་དང་བོད་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོང་ཞིབ་འཇུག་སུའོ་ནས་ཕེབས་པའི་ཆེད་མཁས་པ་ཚོས་ས་འོག་ནས་ཐོན་པའི་རིག་དངོས་རྩ་ཆེན་ཏེ། གཞི་སྔོ་ལྗང་སྟེང་མེ་ཏོག་སེར་པོ་གསེག་རིས་ཅན་བཀོད་ཡོད་པའི་གནའ་བོའི་སི་བཏགས་དངོས་རྫས་ཤིག་འགྲེམས་སྟོན་བྱས་ཡོད་པ་དང་། དེ་ནི་བོད་བྱང་ཐང་གི་གནའ་རྫས་རྟོག་ཞིབ་ཐེངས་དང་པོའི་ཁྲོད་ཐོན་པའི་སི་བཏགས་དངོས་རྫས་ཤིག་རེད། ཆེད་མཁས་པས་གསལ་འབྱེད་བྱས་པར་གཞིགས་ན། སི་བཏགས་དངོས་རྫས་འདི་ནི་སུའེ་རྒྱལ་རབས་ཀྱི་དུས་མཇུག་དང་ཐང་རྒྱལ་རབས་ཀྱི་དུས་འགོའི་བར་གྱི་རིག་དངོས་ཤིག་ཡིན་པ་རེད། འདིའི་འཐག་རྩལ་ཞིན་ཅང་ཐུའུ་ལུའུ་ཧྥན་གྱི་ཨ་སི་ཐ་ནའི་གནའ་བོའི་བང་སོའི་ཚོགས་ལས་རྙེད་པའི་སི་བཏགས་དངོས་རྫས་དང་། དེ་བཞིན་ཏུན་ཧོང་བྲག་ཕུག་ནས་ཐོན་པའི་སི་བཏགས་དངོས་རྫས་དང་འདྲ་པོ་ཡོད་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། ཀྲུང་གོའི་དར་གོས་རྟེན་རྫས་བཤམས་སྟོན་ཁང་གིས་ནག་ཆུ་གྲོང་ཁྱེར་དཔལ་མགོན་རྫོང་མན་ཐང་ཤང་གི་སྔོ་ནེ་ལུང་པའི་བང་སོ་ནས་ཐོན་པའི་དར་གོས་ལྷག་རོ་ལེན་ནས་དབྱེ་ཞིབ་བྱས་པ་དང་རི་མོ་སླར་གསོ་བྱས་ཡོད།

གཞི་སྔོ་ལྗང་སྟེང་མེ་ཏོག་སེར་པོ་གསེག་རིས་ཅན་བཀོད་ཡོད་པ་དེ་ནི་སུའེ་རྒྱལ་རབས་དང་ཐང་རྒྱལ་རབས་དུས་སྐབས་སུ་དར་ཁྱབ་ཧ་ཅང་ཆེ་བའི་རི་མོ་ཞིག་ཡིན་ཞིང་། སྒོར་དབྱིབས་ཀྱི་མུ་ཁྱུད་ནང་འདབ་ཆགས་དང་། རི་དྭགས། མེ་ཏོག རྩི་ཤིང་། མི་སོགས་ཀྱི་རི་མོ་བཀོད་ཡོད། ཨེ་ཤེ་ཡ་དབུས་མ་དང་ཨེ་ཤེ་ཡ་ནུབ་མ་སོགས་ཀྱི་ས་ཆར་གནའ་དུས་རི་མོ་དེ་དར་གསོ་ཆེན་པོ་ཡོད།

ཉེ་ཆར། ཀྲུང་གོའི་དར་གོས་རྟེན་རྫས་བཤམས་སྟོན་ཁང་གི་ཆེད་མཁས་པས་མངའ་རིས་ས་ཁུལ་ནས་ཐོན་པའི“ཝང་ཧོའུ”ཡི་ཡི་གེ་དང་འདབ་ཆགས་ཀྱི་རི་མོ་བཀོད་པའི་དར་གོས་འཁེལ་འཐག་ཐོན་རྫས་ཀྱི་རི་མོ་དངོས་དེ་སླར་གསོ་བྱས་པ་དང་ཆབས་གཅིག འཐག་རྫས་ཀྱི་ཚི་སྣ་དང་། ཚོས་མདོག་སོགས་ཀྱི་ཐད་ནས་ཉེ་བའི་ལོ་ཤས་རིང་བོད་ཀྱི་གནའ་བོའི་བང་སོ་ནས་འཚོལ་རྙེད་བྱུང་བའི་འཁེལ་འཐག་ཐོན་རྫས་བརྒྱ་ལྷག་ཙམ་ལ་ཚན་རིག་དང་མཐུན་པའི་སྒོ་ནས་དབྱེ་ཞིབ་བྱས་པ་རེད།
ས་འོག་ནས་ཐོན་པའི་སི་བཏགས་དངོས་རྫས་དེ་དག་གིས་བོད་ཀྱི་ལོ་རྒྱུས་དུས་སྐབས་སོ་སོའི་སི་བཏགས་གནའ་རྫས་རྟོག་ཞིབ་ཀྱི་ཆ་འཕྲིན་ཕུན་སུམ་ཚོགས་སུ་བཏང་ཡོད་པ་དང་། མཐོ་སྒང་གི་དར་གོས་ལམ་བུའི་ཉོ་ཚོང་འབྲེལ་བ་དང་། མཐོ་སྒང་གི་གནའ་བོའི་རིག་གནས་སྤེལ་རེས་ལ་ཤེས་རྟོགས་བྱ་རྒྱུར་གནའ་རྫས་རྟོག་ཞིབ་རིག་པའི་ཐོག་ནས་དངོས་དཔང་རྩ་ཆེན་མཁོ་འདོན་བྱས་ཡོད།
འབྲེལ་ཡོད་འོས་སྦྱོར།