ད་ལོར་རྒྱལ་ཡོངས་ཀྱི་ལག་རྩལ་ལས་བཟོ་པའི་སློབ་གྲྭས་སློབ་མ་ཁྲི140ཡན་བསྡུ་འཆར་ཡོད་པ།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར།
དུས་ཚོད།:2022-06-06
ཀློག་གྲངས།:
ཉེ་ཆར་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་པུའུ་ཡིས«2022ལོའི་ལག་རྩལ་ལས་བཟོ་པའི་སློབ་གྲྭའི་སློབ་མ་བསྡུ་བའི་བྱ་བ་ལེགས་པོར་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ»འགྲེམ་སྤེལ་བྱས་ཏེ། ས་གནས་ཁག་གི་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་པུའུ་དང་ལག་རྩལ་ལས་བཟོ་པའི་སློབ་གྲྭས་སློབ་མ་བསྡུ་བའི་སྲིད་ཇུས་སྔར་བས་དོན་འཁྱོལ་བྱེད་པ་དང་། སློབ་མ་བསྡུ་ཚད་རྒྱ་བསྐྱེད་པ་དང་སློབ་མ་བསྡུ་བའི་གཞི་ཁྱོན་གཏན་འཇགས་སུ་གཏོང་བར་མཛུབ་སྟོན་བྱས་པ་རེད། «2022ལོའི་ལག་རྩལ་ལས་བཟོ་པའི་སློབ་གྲྭའི་སློབ་མ་བསྡུ་བའི་བྱ་བ་ལེགས་པོར་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ»གཞིར་བཟུང་བ་ལྟར་ན། ད་ལོར་རྒྱལ་ཡོངས་ལག་རྩལ་ལས་བཟོ་པའི་སློབ་གྲྭས་སློབ་མ་ཁྲི140ཡན་བསྡུ་འཆར་ཡོད་པ་རེད།
«བརྡ་ཐོའི»ནང་ནན་གྱིས་བསྟན་དོན། རིམ་པ་སོ་སོའི་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་སྡེ་ཁག་གིས་བརྗོད་གཞིའི་འགན་འཁྲི་དངོས་གནས་ཕྲག་ཏུ་བླངས་ཏེ་ཆེད་དོན་ཞིབ་འཇུག་བཀོད་སྒྲིག་བྱེད་པ་དང་། བྱ་བའི་ཇུས་གཞི་བཟོ་བ། སྒྲིག་འཛུགས་ནུས་ལྡན་དང་སྐུལ་འདེད་གཏོང་བ། སློབ་མ་བསྡུ་བའི་གཞི་ཁྱོན་བརྟན་བརླིང་ཡོང་བ་བཅས་བྱེད་དགོས། ལག་རྩལ་ལས་བཟོ་པའི་སློབ་གླིང་དང་སློབ་གྲྭས་ས་ཁུལ་དེ་གའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས། ལས་རིགས་དང་ཁེ་ལས་ཀྱི་ལས་མི་བཀོལ་བའི་དགོས་མཁོ། སློབ་གྲྭའི་དངོས་ཡོད་གནས་ཚུལ་བཅས་དང་ཟུང་འབྲེལ་བྱས་ཏེ་དམིགས་ཚད་ཁ་གསལ་དང་། ཇུས་འགོད་ཞིབ་ཚགས། སྒྲིག་འཛུགས་ཞིབ་ཚགས། ཕྱོགས་ཡོངས་ནས་དོན་འཁྱོལ་བཅས་བྱ་རྒྱུར་མཛུབ་ཁྲིད་བྱེད་དགོས།«བརྡ་ཐོའི»ནང་བསྟན་དོན། སློབ་མ་བསྡུ་ཚད་རྒྱ་བསྐྱེད་དེ་མི་ཤུགས་ཐོན་ཁུངས་ཀྱི་གནས་ཚུལ་དང་དེ་བཞིན་ས་ཁུལ་དེ་གའི་ལོ་འདི་འགའི་དམའ་འབྲིང་དང་མཐོ་འབྲིང་སློབ་མའི་གྲངས་འབོར་དང་གྲུབ་ཆ། སློབ་རིམ་འཕར་བའི་འདུན་པ་སོགས་ཀྱི་གནས་ཚུལ་ལ་ཞིབ་འཇུག་དང་དབྱེ་ཞིབ་ནན་ཏན་བྱེད་པ་དང་། ལག་རྩལ་ལས་བཟོ་པའི་སློབ་གླིང་དང་སློབ་གྲྭའི་སློབ་མ་བསྡུ་བའི་འཆར་གཞི་ལུགས་མཐུན་བཟོ་བ། རིགས་ཁག་གི་ཚོགས་སྤྱིར་ཕྱོགས་ནས་སློབ་མ་རྒྱ་ཆེར་བསྡུ་བ་བཅས་བྱེད་དགོས། མི་ཚོགས་མི་འདྲ་བར་དམིགས་ནས་ཤེས་ལྡན་མི་སྣ་གསོ་སྐྱོང་གི་ཇུས་གཞི་ལུགས་མཐུན་ངང་བཟོས་ཏེ་ཉིན་ཧྲིལ་བོའི་ལམ་ལུགས་དང་། ཉིན་ཧྲིལ་བོ་མིན་པའི་ལམ་ལུགས། ལས་རིགས་རྩལ་ནུས་གསོ་སྦྱོང་སོགས་བྱེད་ཐབས་མི་འདྲ་བའི་ཐོག་ནས་རྩལ་ནུས་ལྡན་པའི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་དགོས། ལས་ཞུགས་ཕྱོགས་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ནས་ལག་རྩལ་ལས་བཟོ་པའི་སློབ་གླིང་དང་སློབ་གྲྭས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཟུང་འབྲེལ་དམ་ཟབ་བྱེད་པ་དང་། སློབ་མ་བསྡུ་བའི་ཆེད་ལས་བཀོད་སྒྲིག་ལུགས་མཐུན་ཡོང་བར་ཁྲིད་སྟོན་བྱེད་པ། ལག་རྩལ་ལས་བཟོ་པའི་སློབ་གླིང་དང་སློབ་གྲྭས་སློབ་གྲྭ་དང་ཁེ་ལས་མཉམ་ལས་རྒྱ་ཁྱབ་སྒོས་སྤེལ་བར་སྐུལ་མ་བཏང་ནས། བཟོ་རིག་གཞི་གཅིག་ཅན་གྱི་རྩལ་ནུས་ཤེས་ལྡན་པ་གསོ་སྐྱོང་ཧུར་ཐག་བྱེད་པ་དང་། གསོ་སྐྱོང་གི་སྤུས་ཚད་མཐོ་རུ་གཏོང་དགོས། དེ་མིན་སྒྲིག་འགལ་གྱིས་སློབ་མ་བསྡུ་བ་དང་། ཚུལ་མིན་འགྲན་རྩོད་བྱེད་པ། དྲིལ་སྒྲོག་རྫུན་མ་བྱེད་པ། སློབ་མར་མགོ་སྐོར་བསླུ་བྲིད་གཏོང་བ་སོགས་ལ་ཞིབ་བཤེར་ཐག་གཅོད་བྱེད་ཤུགས་ཆེ་རུ་གཏོང་དགོས།
རྒྱུས་ལོན་པ་ལྟར་ན། 2021ལོའི་ལོ་མཇུག་བར་དུ། རྒྱལ་ཡོངས་སུ་བསྡོམས་པས་ལག་རྩལ་ལས་བཟོ་པའི་སློབ་གྲྭ2492དང་སློབ་གྲྭར་ཡོད་པའི་སློབ་མ་མི་ཁྲི426.7ཡོད། 2021ལོར་རྒྱལ་ཡོངས་ལག་རྩལ་ལས་བཟོ་པའི་སློབ་གྲྭས་བསྡོམས་པས་སློབ་མ་ཁྲི167.2བསྡུས་པ་དང་། མཐར་ཕྱིན་སློབ་མ་ཁྲི108.7ཡོད་པ་དང་ལས་ཞུགས་ཚད97.2%སླེབས་ཡོད། །
«ཀྲུང་གོ་ན་གཞོན་ཚགས་པར»ལྟར།
འབྲེལ་ཡོད་འོས་སྦྱོར།